དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཐབས་མང་མཉམ་སྤྱོད་ཀྱིས་མཛེས་མཐུན་ཁྱིམ་གཞིས་མཉམ་དུ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-21

    དིང་རིའི་ས་ཡོམ་རྗེས་སུ་གེགས་རྗེས་བསྐྱར་སྐྲུན་གྱི་ཁང་པ་གསར་པ་སྟར་པ་རེ་རེ་བཞིན་བསྐྲུན་ཡོད། འོན་ཀྱང་ཁང་སའི་དབྱེ་མཚམས་དང་སྲང་ལམ་གང་བྱུང་བཟུང་བ་སོགས་ཁྱིམ་མཚེས་དབར་གྱི་གནད་དོན་སྣ་ཚོགས་དེ་དང་བསྟུན་ནས་ཐོན་གྱི་ཡོད། ཁྱིམ་ཚང་སོ་སོའི་ཁེ་ཕན་ཇི་ལྟར་བྱས་ནས་དོ་མཉམ་ཡོང་བ་དང་། བསྐྱར་སྐྲུན་བྱེད་རིང་གི་འགལ་བ་ཇི་ལྟར་སེལ་དགོས་སམ། ཁང་པ་ཡག་པོ་བསྐྲུན་པ་དང་སྦྲགས་མི་སེམས་ཀྱང་གཅིག་ཏུ་ཇི་ལྟར་སྒྲིལ་དགོས་སམ། ལྷ་རྩེ་རྫོང་གྲའུ་ཤང་སྣེ་བཞི་གྲོང་ཚོ་དང་ས་སྐྱ་རྫོང་བཀྲ་ཤིས་སྒང་ཤང་ལ་རང་རང་སོ་སོའི་བྱེད་ཐབས་རེ་ཡོད་པ་རེད།

    དིང་རིའི་ས་ཡོམ་གྱི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་སྣེ་བཞི་གྲོང་ཚོའི་དུད་ཚང་89ཡི་ཁང་པར་གཏོར་སྐྱོན་ཚབས་ཆེན་ཕོག་ནས་ཚང་མ་བསྐྱར་སྐྲུན་བྱེད་ཁོངས་སུ་བཅུག་ཡོད། གྲོང་ཚོའི་ནང་གི་ཁང་པ་རྙིང་པ་མང་པོ་མཉམ་དུ་བསྐྲུན་ཡོད་པ་དང་སྲང་ལམ་དོག་ཤོས་སུ་སྨི་གཉིས་ཀྱང་མེད། བསྐྱར་སྐྲུན་བྱེད་འགོ་ཚུགས་མ་ཐག་རྙོག་དྲ་མང་པོ་འཕྲད་ཅིང་། ལྕགས་རྩིབས་དང་བྱེ་རྡོ་དབོར་བྱེད་ཀྱི་ཐོ་ཕྲུག་གྲོང་ཚོའི་ནང་དུ་གཏོང་མི་ཐུབ་པས། འཛུགས་སྐྲུན་གྱི་རྒྱུ་ཆ་གྲོང་ཚོའི་མདའ་ནས་མིས་དབོར་དགོས་ཀྱི་ཡོད་པ་རེད།

    སྲང་ལམ་གུ་དོག་པས་ཁང་པ་རྒྱག་པའི་མྱུར་ཚད་འགོར་དུ་ཕྱིན་པ་མ་ཟད། ད་དུང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་ངེས་ཅན་ཡོད། གྲའུ་ཤང་སྣེ་བཞི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷ་དབང་གིས་གསར་འགོད་པར“ས་ཡོམ་བརྒྱབ་པའི་ཉིན་དེར་སྲང་ལམ་གུ་དོག་པས་མི་ཚང་མ་ཤར་མར་བྲོས་ཐུབ་མེད། ཕྱིས་སུ་ཛ་དྲག་གི་གནས་ཚུལ་གཞན་དག་འཕྲད་ཚེ་མྱུར་སྐྱོབ་རླངས་འཁོར་དང་མེ་གསོད་རླངས་འཁོར་གྲོང་ཚོའི་མདའ་རུ་འཇོག་དགོས་པ་འདུག”ཅེས་བཤད།

    དེ་ལྟ་བུའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་དགོས་ན་སྲང་ལམ་རྒྱ་ཆེར་གཏོང་དགོས། གལ་ཏེ་སྲང་ལམ་རྒྱ་ཆེར་གཏོང་དགོས་ན། ལམ་རྒྱུད་དུད་ཚང་གི་ཁང་པའི་ལྕགས་་རི་ནང་དུ་ཕྱིར་བཤིག་རྒྱག་དགོས། ཁང་པའི་ས་ཆ་ནི་ཕ་མེས་ནས་བརྒྱུད་ཡོང་བ་ཞིག་ཡིན་ཞིང་། སྨི་གཅིག་ནང་དུ་ཕྱིར་བཤིག་བརྒྱབ་ན་རང་ཁྱིམ་གྱི་སྒོ་ར་ཆུང་དུ་འགྲོ་ངེས་ཡིན་པས་ཁྱིམ་ཚང་ཚང་མས་ཐོབ་ཤོར་ལ་བསམ་བློ་གཏོང་གི་ཡོད། གྲོང་ཚོས་བཙན་ཤེད་མ་བྱས་པར་མང་ཚོགས་ཀྱི་ཚོགས་ཆེན་འཚོགས་ནས་འགྲེལ་བཤད་ཁ་གསལ་བརྒྱབ་པ་དང་ཇི་ལྟར་བྱེད་མིན་གྱི་དབང་ཆ་ཡུལ་མིར་སྤྲད་པ་རེད། ཚོགས་འདུའི་ཐོག་ཚང་མས་ལམ་ཡངས་སུ་གཏོང་བ་ནི་བྱ་བ་བཟང་པོ་ཞིག་ཡིན་པ་ཤེས་ཀྱི་ཡོད། ཡིན་ནའང་མི་གཅིག་གིས་ཀྱང་རྣམ་འགྱུར་གསལ་པོ་བསྟན་མེད།

    སྐབས་དེར་ཏང་ཡོན་བསྟན་འཛིན་རང་འགུལ་ངང་གྲོང་ཚོ་ཨུ་ལྷན་དུ་ཡོང་པ་རེད། མ་གཞི་ཁོང་གི་ཁྱིམ་ཁྲོམ་གཞུང་གི་རྒྱུད་དུ་ཡོད་པས་སྲང་ལམ་ཤར་བགྲོད་ལ་ཤུགས་རྐྱེན་ཐེབས་ཀྱི་མེད་སྟབས། ཁང་ས་ཕྱིར་བཤིག་རྒྱག་དགོས་པའི་དུད་ཚང་གི་གྲས་སུ་མེད་མོད། ཡིན་ནའང་རང་འགུལ་ངང་ལམ་འགྲམ་གྱི་ཁང་པའི་སྒོ་རའི་གཞོགས་གཉིས་ནས་སྨི་རེ་ཕྱིར་བཤིག་རྒྱག་རྒྱུ་ཡིན་ལུགས་བརྗོད་པ་དང་། “ང་ནི་ཏང་ཡོན་ཡིན་པས་འགག་རྩའི་དུས་སུ་སྣེ་ཡག་པོ་ཁྲིད་དགོས”ཞེས་བཤད། བསྟན་འཛིན་གྱིས་སྨི་གཅིག་ཕྱིར་བཤིག་བརྒྱབ་པས་ཁྱིམ་མཚེས་བློ་བཟང་དང་ལྷག་པས་ཀྱང་རང་ཁྱིམ་གྱི་ཁང་ས་ཕྱིར་བཤིག་བརྒྱབ་པ་རེད། མཐར་སྣེ་བཞི་གྲོང་ཚོའི་དུད་ཚང་49ཡི་ཡུལ་མི་ཚང་མས་རང་མོས་ངང་ཁང་ས་སྨི་རེ་ཕྱིར་བཤིག་བརྒྱབ་པ་རེད།

    སྣེ་བཞི་གྲོང་ཚོས་མང་ཚོགས་ཀྱི་རང་རྟོགས་ལ་བརྟེན་ནས་ལམ་བཤངས་པ་དང་། དེ་ནས་སྤྱི་ལེ་བརྒྱ་ལྷག་ཙམ་གྱི་སར་གནས་པའི་ས་སྐྱ་རྫོང་བཀྲ་ཤིས་སྒང་ཤང་གིས་ཕྱོགས་མང་མཉམ་ལས་ལ་བརྟེན་པས་ཚང་མ་བསམ་བློ་ཐོངས་ནས་གཞོགས་འདེགས་བྱེད་འདོད་བྱུང་ཡོད།

    གནས་འདིར་ཡུལ་མི་ཚོས“ཡུལ་གྱི་སྤྱོད་ཡོན་གཉིས་ལྡན”ཞེས་འབོད་པའི་མི་ཁག་གཅིག་ཡོད། ཁོང་ཚོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་གྲོང་ཚོའི་རྒན་རྒོན་ཡིན་ཞིང་། སྐུ་ན་བགྲེས་ཤིང་སྙན་གྲགས་ཆེ་བ་དང་དྲང་པོ་དྲང་གཞག་གནང་གི་ཡོད་པས་ཁྱིམ་མཚེས་ཕན་ཚུན་མི་འཆམ་པ་དང་ས་མཚམས་དབར་རྩོད་པ་ཤོར་ན་ཚང་མས་ཁོང་ཚོས་བར་འདུམ་གནང་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    ལོ་52ལ་སླེབས་པའི་དགྲ་འདུལ་ནི“ཡུལ་གྱི་སྤྱོད་ཡོན་གཉིས་ལྡན”གྱི་མི་ཞིག་རེད། བསྐྱར་སྐྲུན་བྱེད་པའི་ཐོག་མའི་དུས་སུ་རྩིག་རྨང་གི་ཐིག་ཚད་ལེན་པ་སོགས་ཀྱི་གནད་དོན་ལ་ཁོང་འཚོལ་བར་ཡོང་མཁན་མང་པོ་ཡོད་པ་རེད། ཡུལ་མི་ཚེ་རིང་དབང་ཕྱུག་དང་འཇམ་དབྱངས་གཉིས་རྩིག་རྨང་གི་ཐད་ལ་རྩོད་པ་ཤོར་ཞིང་། ཕྱོགས་གཉིས་ཀས་ཕྱིར་བཤོལ་བྱེད་ཀྱི་མེད་པ་རེད། དགྲ་འདུལ་གྱིས་ཁྱིམ་ཚང་གཉིས་ཀར་སྔ་རྗེས་སུ་ཕར་འགྲོ་ཚུར་འོང་ཐེངས་ལྔ་ཙམ་བྱས་པ་དང་། དང་ཐོག་ཁོང་གིས་གནས་ལུགས་ཆེན་པོ་མ་བཤད་པར་ཁྱིམ་ཚང་གཉིས་པོའི་ནང་མི་དང་ཅི་འཕྲོས་མོལ་འཕྲོས་བཤད་པ་དང་ལོ་མང་རིང་གི་ཁྱིམ་མཚེས་དབར་གྱི་མཛའ་གྲོགས་གླེང་། དོན་དངོས་གནས་ཚུལ་བཤད་པ་དང་གྲོང་པ་ཁྱིམ་མཚེས་དབར་གྱི་མཛའ་མཐུན་གླེང་པ་ལས་ཕྱོགས་གཉིས་པོའི་རྣམ་འགྱུར་རིམ་གྱིས་ལེགས་སུ་ཕྱིན་ནས་མཐར་ཁྱིམ་ཚང་གཉིས་པོའི་འགལ་ཟླ་བསལ་ཐུབ་ཡོད། “སྲིད་ཇུས་ཁོ་ན་བཤད་ཚེ་ཡུལ་མིས་ཉན་འདོད་ཆེན་པོ་བྱེད་ཀྱི་མེད། ཁྱེད་ལ་ཕྱོགས་གཉིས་ཀའི་ཡིད་ཆེས་ཐོབ་ཚེ། ཁྱེད་ཀྱིས་བཤད་པའི་སྐད་ཆར་གཞི་ནས་ཉན་མཁན་ཡོད”ཅེས་དགྲ་འདུལ་གྱིས་བརྗོད།

    “ཡུལ་གྱི་སྤྱོད་ཡོན་གཉིས་ལྡན”ཁོ་ནའི་བར་འདུམ་ལ་བརྟེན་ནས་མ་བསྡད་པར་ཤང་གིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ་ཏང་ཡོན་དང་། ཡུལ་གྱི་སྤྱོད་ཡོན་གཉིས་ལྡན། ལས་བྱེད་པ་བཅས་ཟུང་དུ་འབྲེལ་བའི་མཐུན་སྦྱོར་མཉམ་འགུལ་གྱི་བཅོས་སྐྱོང་རྣམ་པ་བཏོད་ཡོད། བསྐྱར་སྐྲུན་བྱེད་རིང་། ཤང་དེ་ཡོངས་ཀྱི་ཏང་ཡོན་བརྒྱ་ལྷག་ཙམ་གྱིས་རང་འགུལ་ངང་མདུན་དུ་བསྐྱོད་དེ་དུད་ཚང་རེ་རེ་བཞིན་ལ་སྡོད་ཁང་སྐྲུན་པའི་ཚད་གཞི་དང་བཀོད་སྒྲིག་སྲིད་ཇུས་འགྲེལ་བཤད་བརྒྱབ་པ་དང་། དགུན་དུས་གངས་འབབ་སྐབས་ལམ་ལ་འདྲེད་བརྡབ་ཤོར་སླ་ཡང་ཏང་ཡོན་ཚོས་དུད་ཚང་དུ་འཚམས་འདྲིར་བསྐྱོད་དེ་རྒན་རྒོན་དང་དཀའ་ངལ་ཡོད་པའི་དུད་ཚང་ལ་སྲིང་བལ་གྱི་ཉལ་ཆས་དང་ལྕགས་ཐབ་སྐྱེལ་གྱི་ཡོད། ཤང་གི་ལས་བྱེད་པ་ཚང་མ་དྲ་མིག་ཅན་དུ་གཤམ་སྐྱོད་བྱས་ཏེ་མང་ཚོགས་ལ་རེ་ཞུ་ཡོད་ན་ཆུ་ཚོད་གཅིག་ནང་ལན་འདེབས་ཐུབ་པ་བྱེད་ཀྱི་ཡོད།

    ཕྱིར་བཤིག་བརྒྱབ་པ་དེ་ནི་མང་ཚོགས་ཀྱིས་ཁེ་ཆུང་དོར་ནས་སྤྱི་ཡོངས་ལ་བསམ་བློ་བཏང་བ་ཞིག་ཡིན་པ་དང་། “མཉམ་འགུལ”བྱེད་པ་ནི་ཕྱོགས་མང་པོས་ནུས་ཤུགས་གཅིག་སྒྲིལ་གྱིས་རྩོད་གཞི་བསལ་བ་ཞིག་རེད། བསྐྱར་སྐྲུན་ནི་ཁང་པ་གསར་པ་བརྒྱབ་པ་ཙམ་མིན་པར་དེ་ནི་ཁྱིམ་མཚེས་དབར་གྱི་མི་སེམས་གཅིག་ཏུ་སྒྲིལ་བ་ཡིན། ཕ་ཡུལ་དུ་གཞི་ཚུགས་པའི་བཅོས་སྐྱོང་གི་བློ་གྲོས་ལ་བརྟེན་ནས་ས་མཐོའི་གནོད་འཚེ་ཕོག་པའི་གྲོང་ཚོར་སྡོད་ཁང་གསར་པ་ཡོད་པ་མ་ཟད་དྲོ་སྐྱིད་ལྡན་པའི་གྲོང་གསེབ་ཀྱི་ཉམས་སྣང་མ་ཉམས་པར་གནས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།