དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཤོག་སྦག་གི་འཁོར་འབྲེལ་ཧྲིལ་པོའི་བདེ་འཇགས་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཤོག་སྦག་གི་འཁོར་འབྲེལ་ཧྲིལ་པོའི་བདེ་འཇགས་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་འགོག་སེལ་དང་ལས་འཛོལ་མ་ཐོན་གོང་བཀག་འགོག་ནུས་ལྡན་བྱེད་པའི་ཐད་བཀོད་སྒྲིག་བྱས་པ་རེད།

    《བསམ་འཆར》ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་། སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་འགན་འཁྲི་བཅས་ནན་དུ་བཏང་ནས་ཤོག་སྦག་ལས་རིགས་ཀྱི་ངོ་བོའི་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་དགོས།

    《བསམ་འཆར》ནང་བཏོན་དོན། ཤོག་སྦག་ཐོན་སྐྱེད་དང་། ཉར་ཚགས། གཉེར་སྐྱོང་། སྐྱེལ་འདྲེན། སྤོར་བ་སོགས་ལྷུ་ཚིགས་ཁག་གི་འཁོར་འབྲེལ་ཧྲིལ་པོའི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པར་ཞིབ་ཕྲའི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་ཅིང་། ཐོན་སྐྱེད་ལྷུ་ཚིགས་སུ་ཐོན་སྐྱེད་ཁེ་ལས་ཀྱི་ཞུགས་འཐུས་ཞིབ་མཆན་ནན་པོ་བཀོད་དེ། ཤོག་སྦག་ཐོན་སྐྱེད་ཐད་སྤྱོད་པའི་མེ་རྫས་དང་ཕྱེད་བཟོས་ཐོན་རྫས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་སྐྱེད་བརྒྱུད་རིམ་གྱི་བདེ་འཇགས་ཉེན་ཁར་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། ཉར་ཚགས་ལྷུ་ཚིགས་སུ་ཉེན་ཆེའི་དངོས་རྫས་ཉར་ཚགས་ཀྱི་བདེ་འཇགས་དོ་དམ་ནན་དུ་བཏང་སྟེ། ཤོག་སྦག་ཁེ་ལས་ཀྱི་རྫས་འགྱུར་བཟོ་ལས་ཀྱི་མ་བཅོས་རྒྱུ་ཆའི་མཛོད་དང་། ཉེན་ཆེའི་དངོས་རྫས་བར་བརྗེས་མཛོད། མེ་རྫས་ཀྱི་སྤྱི་མཛོད། ཐོན་ཟོག་མཛོད་བཅས་ཀྱི་ཉར་ཚགས་བདེ་འཇགས་ཀྱི་ཉེན་ཁ་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉེར་སྐྱོང་ལྷུ་ཚིགས་སུ་གཉེར་སྐྱོང་སྡེ་ཚན་གྱི་ཞུགས་འཐུས་ཞིབ་མཆན་འགོད་རྒྱུ་ནན་དུ་བཏང་སྟེ། གཉེར་སྐྱོང་བརྒྱུད་རིམ་གྱི་བདེ་འཇགས་ཉེན་ཁ་སྔོན་འགོག་ནན་པོ་བྱེད་པ་དང་། རྒྱུག་ཕྱོགས་ཆ་འཕྲིན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་རྒྱའི་ཆ་འཕྲིན་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཕྱིར་གཏོང་ལྷུ་ཚིགས་ཀྱི་བདེ་འཇགས་དོ་དམ་ནན་དུ་གཏོང་དགོས། སྐྱེལ་འདྲེན་ལྷུ་ཚིགས་སུ་སྐྱེལ་འདྲེན་རླངས་འཁོར་དང་དེ་བཞིན་འབྲེལ་ཡོད་མི་སྣར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། འགྲོ་ལམ་སྐྱེལ་འདྲེན་གྱི་ཆོག་འཐུས་ཞིབ་མཆན་ནན་པོ་འགོད་པ་དང་འདོན་འཇུག་དང་སྐྱེལ་འདྲེན་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱིར་བཏང་གི་ཟོག་འདྲེན་དང་བསྐུར་སྐྱེལ་གྱི་ཐབས་ལམ་ནས་ཤོག་སྦག་སྐྱེལ་འདྲེན་བྱེད་པར་སྔོན་འགོག་ནན་པོ་བྱེད་དགོས། ཤོག་སྦག་སྤོར་བའི་ལྷུ་ཚིགས་སུ་ཚན་རིག་དང་མཐུན་པ་དང་ལུགས་མཐུན་གྱི་ཤོག་སྦག་སྤོར་བའི་སྲིད་ཇུས་གཏན་འབེབས་བྱས་ཏེ། ཤོག་སྦག་སྤོར་བའི་བྱེད་སྒོ་ཆེ་གྲས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། ཤོག་སྦག་སྤོར་བའི་བདེ་འཇགས་དྲིལ་བསྒྲགས་དང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།

    《བསམ་འཆར》ནང་། ཤོག་སྦག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐོན་རྫས་ཀྱི་སྤུས་ཚད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་ལྟར་ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་སྐུལ་དང་འཐེན་བཤེར་བྱས་ཏེ། མེ་རྫས་ཚད་ལས་བརྒལ་བ་དང་ཚད་གཞི་ལས་བརྒལ་བ་སོགས་རྒྱལ་ཁབ་ཀྱི་ཚད་གཞི་དང་མི་མཐུན་པའི་ཐོན་རྫས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་རིགས་གཏན་འགོག་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།