《རྒྱལ་ཡོངས་ཀྱི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།
ཉེ་ཆར། ཞིང་ལས་གྲོང་གསེབ་པུས《རྒྱལ་ཡོངས་ཀྱི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་ནས་2030ལོར་སླེབས་སྐབས་རང་རྒྱལ་གྱི་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་བརྟན་པོ་བཏང་སྟེ་འབྲུ་རིགས་གཞི་རྩའི་ཆ་ནས་རང་ཁ་རང་གསོ་དང་བཟའ་འབྲུ་རྦད་དེ་བདེ་འཇགས་ཡིན་པའི་མཐའ་ཚད་བརྟན་པོ་སྲུང་དགོས་པ་ཁ་གསལ་བཏོན་ཡོད།
འཆར་འགོད་ནང་བཏོན་དོན། 2030ལོར་སླེབས་སྐབས་རང་རྒྱལ་གྱི་སྲན་ཆེན་དང་། སྣུམ་རྒྱུ། སྲིང་བལ། མངར་ཆ་བཅས་ཀྱི་ཐོན་ནུས་ཆེ་རུ་བརྟན་པོ་བཏང་ནས་ལུགས་མཐུན་ངང་རང་ཁ་རང་གསོ་ཐུབ་པ་བྱེད་པ་དང་། སྔོ་ཚལ་དང་། ཤིང་འབྲས། ཇ་ལོ་བཅས་མཁོ་སྤྲོད་དོ་སྙོམས་དང་། སྣ་ཁ་ཕུན་སུམ་ཚོགས་པ། སྤུས་ཚད་བདེ་འཇགས་ཡིན་པ་མ་ཟད། སྣ་མང་ཅན་གྱི་མཁོ་སྤྲོད་དང་འཛད་སྤྱོད་ཀྱི་དགོས་མཁོ་དེ་བས་འཚམ་པ། ཞིང་ལས་ནུས་ཆེ་དང་ཆུ་གྲོན་ཆུང་འཕེལ་རྒྱས་བརྟན་པོ་གཏོང་བ་དང་། རྫས་ལུད་དང་ཞིང་སྨན་ཚན་རིག་དང་མཐུན་ལ་གནད་སྨིན་ངང་སྤྱོད་པ། འདེབས་འཛུགས་ལས་རིགས་ཀྱི་ལྗང་མདོག་ཐོན་སྐྱེད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཞིང་ལས་དང་གནོད་འཚེའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུ་དེ་བས་གནད་སྨིན་དང་། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་རྒུད་སྐྱོབ་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། འདེབས་འཛུགས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་བྱ་རྒྱུ་རེད།
ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་བའི་ཐད། འཆར་འགོད་ནང་གནོད་འཚེའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་གནམ་གཤིས་ཀྱི་གནོད་འཚེར་འགོག་ཟོན་དང་ཁ་གཏད་གཅོག་ཤུགས་ཆེ་རུ་གཏོང་བ་སོགས་ལ་དམིགས་ནས་བཀོད་སྒྲིག་ཞིབ་ཕྲ་བྱས་པ་སྟེ། དེའི་ནང་མྱུ་གུ་སྐྱེ་ཚུལ་དང་། བཞའ་ཚན། ནད་འབུ། གནོད་འཚེ་བཅས་ཀྱི་གྲངས་གཞིའི་མཛོད་འཛུགས་པ་དང་། འདེབས་འཛུགས་ལ་འགན་ལེན་བྱེད་པའི་ནུས་པ་བཀོད་སྒྲིག་དང་ནད་འབུའི་གནོད་འཚེ་སྔོན་འགོག་ཚོད་འཛིན་ལ་སྤྱི་འདོམས་བྱེད་པ། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་གནོད་འཚེའི་འགྱུར་ལྡོག་གི་ཆོས་ཉིད་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཚུད་ཡོད།
འབྲེལ་ཡོད་གསར་འགྱུར།