མཐུན་སྒྲིལ་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཡོ་ལང་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་གི་སྟོབས་ཤུགས་བསྣན་པ།
གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་མཉམ་ལས་གླེང་སྟེགས(ལན་ཡུན་ཀང)ཀྱི་2026ལོའི་ཚོགས་ཆེན་གྱི་སྒྲིལ་གླེང་།
ཉེ་ཆར། གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་མཉམ་ལས་གླེང་སྟེགས(ལན་ཡུན་ཀང)2026ལོའི་ཚོགས་ཆེན་ཅང་སུའུ་ལན་ཡུན་ཀང་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་139ཡི་འཐུས་མི་2100ལྷག་ཙམ་ལྷན་དུ་འཛོམས་ཏེ“མཐུན་སྒྲིལ་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཡོ་ལང་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་གི་སྟོབས་ཤུགས་སྣོན་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་གི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་མདུན་ལམ་སྐོར་མཉམ་དུ་གླེང་བ་རེད། ཀྲུང་ཕྱིའི་ཚོགས་ཞུགས་འཐུས་མིས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་ལ་ཁྲིད་སྟོན་བྱེད་པའི་ཐད་ཀྲུང་གོས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་མངོན་པ་དང་། ད་ཐེངས་ཀྱི་ཚོགས་ཆེན་གྱིས་གོ་ལ་ཧྲིལ་པོའི་ཁྲིམས་སྒྱུར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་དང་ཕྱོགས་ཁག་གི་བཅོས་སྐྱོང་གི་བློ་གྲོས་མཉམ་འདྲེས་བྱས་ནས། གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་ཟབ་ཏུ་གཏོང་བར་སྒུལ་ནུས་བསྣན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
ད་ཐེངས་ཚོགས་ཆེན་གྱི་ཚོགས་ཞུགས་སྐུ་མགྲོན་གྱི་ས་ཁོངས་ཀྱི་མཚོན་བྱེད་རང་བཞིན་དེ་བས་ཆེ་བ་དང་། འབྲེལ་ཡོད་ཀྱི་ཁྱབ་ཁོངས་དེ་བས་མང་བས། ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་ཡོད་པ་རེད།
ཀྲུང་གོ་མི་དམངས་ཉེན་རྟོག་པའི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀུའོ་ཡུང་ལེའང་གིས“གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་མཉམ་ལས་གླེང་སྟེགས(ལན་ཡུན་ཀང)ལོ་མང་རྒྱུན་མཐུད་གཉེར་བ་བརྒྱུད། བརྟན་ལྷིང་དང་ཕུགས་ཕན་གྱི་སྤྱི་པའི་བདེ་འཇགས་སྤེལ་རེས་ལམ་སྲོལ་ཆགས་ནས། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་དོན་ལ་རྒྱུན་མཐུད་རང་བཞིན་གྱི་ཆེད་ལས་ཀྱི་གླེང་མོལ་ལས་སྟེགས་བཏོད་ཡོད”ཅེས་བརྗོད།
མིག་སྔའི་གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་དངོས་ཡོད་དགོས་མཁོར་དམིགས་ཏེ། ད་ཐེངས་ཀྱི་ཚོགས་ཆེན་ལ་གླེང་སྟེགས་གཙོ་བོ་དང་གནས་སྤོས་མི་སེར་དོ་དམ་མཉམ་ལས་དང་། རྒྱལ་སྤྱིའི་དུག་འགོག་མཉམ་ལས། དྲ་རྒྱའི་བདེ་འཇགས། རྒྱལ་སྤྱིའི་ཉེན་རྟོག་པའི་སློབ་གསོའི་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཡན་ལག་གླེང་སྟེགས་ཁག་8བཀོད་སྒྲིག་བྱས་པ་དང་འབྲེལ། ཚོགས་ཞུགས་འཐུས་མི་སྒྲིག་འཛུགས་བྱས་ཏེ་སྤྱི་པའི་བདེ་འཇགས་ཀྱི་ཚན་རྩལ་གོ་མཚོན་འགྲེམས་སྟོན་སྐབས་གསུམ་པར་ལྟ་སྐོར་བྱས་པ་དང་། ཡན་ལག་གླེང་སྟེགས་སོ་སོར་གཙོ་གནད་ཡོད་ཅིང་དོན་དངོས་ལ་དམ་པོར་དམིགས་ཡོད་པ་རེད།
སྤྱི་པའི་བདེ་འཇགས་ཀྱི་ཚན་རྩལ་གོ་མཚོན་འགྲེམས་སྟོན་གྱི་འགྲེམས་ཁང་དུ། ཚན་རྩལ་དབྱིངས་ཞུགས་ཀྱི་སྤྱི་པའི་བདེ་འཇགས་ཀྱི་ལག་རྩལ་གོ་མཚོན་ཁག་གཅིག་འདྲེན་བྱེད་ལམ་དུ་མངོན། ཀྲུང་གོར་བཅའ་སྡོད་ཨ་སེན་ནོ་ཁྱིམ་ཚང་ཐེབས་རྩ་ལྷན་ཚོགས་འཐུས་མི་ཁྲུའུ་མཉམ་འབྲེལ་དུག་འགོག་རྣམ་གྲངས་ཀྱི་ཀྲུའུ་རེན་གཞོན་པ་དང་ནེའུ་ཙི་ལན་ཉེན་རྟོག་པའི་སྤྱི་ཁྱབ་ཧྲུའུ་ཡི་ལས་རོགས་སྤྱི་ཁྱབ་ལྟ་ཞིབ་པ་ཟུར་པ་མཱ་ཧའོ་མིང་གིས“འགྲེམས་སྟོན་འདི་དངོས་འབྲེལ་ཧང་སངས་དགོས་པ་ཞིག་འདུག མི་ཐབས་རིག་ནུས་ཀྱི་འཕྲུལ་མི་སོགས་རིག་ནུས་ཉེན་དོན་སྒྲིག་བཀོད་ཀྱིས་ཉེས་གསོག་ཡུལ་དངོས་རྩད་ཞིབ་ལ་གཞོགས་འདེགས་བྱས་ནས། ཉེན་དོན་མྱུལ་ཞིབ་ཀྱི་ལས་ཆོད་ཆེ་རུ་ཤུགས་ཆེན་བཏང་ཡོད། ཀྲུང་གོར་ཉེན་དོན་དངོས་འཐབ་ལ་སྤྱོད་པའི་ལག་རྩལ་གསར་པ་མང་པོ་ཡོད་པས། རྒྱལ་ཁབ་ཁག་གིས་ཞིབ་འཇུག་དང་དཔྱད་གཞིར་འཛིན་རིན་ཡོད”ཅེས་བརྗོད།
ཚོགས་འདུའི་རིང་། “མཐུན་སྒྲིལ”དང་། “སྣ་མང” “གསར་གཏོད”བཅས་ཐོན་མང་བ་དང་གླེང་མང་བའི་ཐ་སྙད་དུ་གྱུར་ཞིང་། ཚོགས་ཞུགས་འཐུས་མི་ཚོས་གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་དངོས་ཡོད་འགྲན་སློང་ལ་དམིགས་ཏེ་སྤེལ་རེས་གཏིང་ཟབ་བྱས་པ་རེད།
ཚེས་10ཉིན་གྱི་སྔ་དྲོར། རྒྱལ་སྤྱིའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྡུང་རྡེག་མནའ་འབྲེལ་འཛུགས་པའི་ཚོགས་ཆེན་ལན་ཡུན་ཀང་དུ་འཚོགས་ཤིང་། ཚོགས་ཆེན་ཐོག ཕྱོགས་ཁག་གིས་ཀྲུང་གོའི་རྒྱལ་སྤྱིའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྡུང་རྡེག་མནའ་འབྲེལ་འཛུགས་པར་གྲོས་འགོ་བཏོན་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་། མནའ་འབྲེལ་བཙུགས་པ་དེས་གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་ནས། མནའ་འབྲེལ་གྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གོ་ལ་ཧྲིལ་པོར་ཁྱབ་པར་བཀག་འགོག་ཐུབ་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད། གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་མཉམ་ལས་གླེང་སྟེགས(ལན་ཡུན་ཀང)ཚོགས་ཆེན་གྱི་ཀྲུའུ་ཞི་ཙེང་ཝེ་ཞུང་གིས“ད་ལོའི་གླེང་སྟེགས་ཀྱི་མངོན་གསལ་དོད་ཤོས་ཀྱི་གྲུབ་འབྲས་ནི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་གི་རྒྱལ་སྤྱིའི་ཁྲིམས་སྒྱུར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རིམ་གལ་ཆེན་བྱུང་བ་དེ་ཡིན”ཞེས་བརྗོད།
ཕྱི་རྒྱལ་གྱི་འཐུས་མི་མང་པོ་ཞིག་གིས། ད་ཐེངས་ཀྱི་ཚོགས་ཆེན་གྱིས་འཕེལ་རྒྱས་ཀྱི་དུས་མཚམས་དང་ས་ཁོངས་མི་འདྲ་བའི་རྒྱལ་ཁབ་ལ་འདྲ་མཉམ་གླེང་མོལ་གྱི་ལས་སྟེགས་ཤིག་བསྐྲུན་ཞིང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་བཅོས་སྐྱོང་ཉམས་མྱོང་ཉན་པ་དང་འབྲེལ། དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དངོས་ཡོད་རེ་བའང་བསྡུ་ལེན་གང་ལེགས་བྱས་ནས། མཉམ་སྡུད་མཉམ་གསོག་དང་བློ་བསྡུས་དགེ་འཚོལ་དངོས་འབྲེལ་ཐུབ་ཡོད་ཅེས་བརྗོད་པ་དང་། ཙེང་ཝེ་ཞུང་གིས“ད་ཐེངས་ཀྱི་ཚོགས་ཆེན་བརྒྱུད། ང་ཚོས་འཛམ་གླིང་ལ་ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྒྲིལ་མཉམ་ལས་ནི་གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཡང་དག་ཡིན་པའི་བརྡ་རྟགས་གསལ་པོ་ཞིག་གཏོང་ཐུབ་རྒྱུའི་རེ་བ་ཡོད། དེ་ལྟར་བྱུང་ན་གཞི་ནས་ངེས་གཏན་མེད་པའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དེ་བས་ཆེ་བ་སྣོན་ཐུབ”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།