མི་མེད་གནམ་གྲུས་པར་ཙིར་གྱི་ཞིང་ལས་ལ་སྟབས་བདེ་བསྐྲུན་པ།

འདི་ནི་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲོའུ་གྲོང་ཁྱེར་ཚང་ཝུའུ་རྫོང་ཧྲི་ཆའོ་གྲོང་རྡལ་ཡུང་ཨན་གྲོང་ཚོར་ལག་ཐོགས་ཁ་པར་ནས་ཞིང་སྤྱོད་མི་མེད་གནམ་གྲུ་བཀོལ་སྤྱོད་བྱས་ཏེ་ཆུ་འབྲས་ལ་ཞིང་སྨན་སྟོར་བཞིན་པ།
པར་ཙིར་དུ་ཡོད་པའི་ཀྲུང་གོའི་མི་མེད་གནམ་གྲུའི་ཐོན་ལས་ཀྱི་གཞི་ཁྱོན་འབྲེལ་ཡོད་གྲངས་གཞི་ནས་ར་འཕྲོད་ཅིང་། པར་ཙིར་རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་བསྡོམས་རྩིས་ལ་གཞིགས་ན། 2026ལོའི་ཟླ་8པར་པར་ཙིར་དུ་ཐོ་བཀོད་པའི་ཞིང་སྤྱོད་མི་མེད་གནམ་གྲུ་ཁྱོན་13224ཡོད་པ་དང་། དེའི་ནང་། ཀྲུང་གོའི་སྤུས་རྟགས་ཀྱིས་བསྡུར་གྲངས་90%ལྷག་ཙམ་བཟུང་ཡོད། པར་ཙིར་དུ་མི་མེད་གནམ་གྲུ་གཙོ་བོ་ཞིང་སྨན་སྟོར་བ་དང་ལྟ་ཞིབ་ཚད་ལེན་ཐད་སྤྱོད་པ་དང་ཆབས་ཅིག་ཞིང་ལས་ཐོན་རྫས་དང་ཞིང་སྤྱོད་རྒྱུ་ཆ་སྐྱེལ་འདྲེན་ཐད་སྤྱོད་ཀྱི་ཡོད་པ་རེད།
ཀྲུང་གོའི་ཁེ་ལས་པར་ཙིར་ཁྲོམ་རར་བཀོད་སྒྲིག་བྱེད་པའི་ཐད་བཟོ་སྐྲུན་ཚོང་པ་ཆེ་གྲས་ཚུད་ཡོད་ལ་ཁེ་ལས་འབྲིང་ཆུང་ཁ་ཤས་ཀྱང་ཚུད་ཡོད། མི་མེད་གནམ་གྲུར་པར་ཆས་དང་ཚོར་ཆས་བསྒར་ཡོད་པས་ལོ་ཏོག་གི་སྐྱེ་འཚར་ལ་རྗེས་འདེད་ལྟ་ཞིབ་དང་གནད་དོན་གྱི་ས་ཁོངས་དབྱེ་འབྱེད་ཐུབ་པ་མ་ཟད་གནས་གཏན་འཁེལ་གྱིས་ཞིང་སྨན་སྟོར་ཐུབ་ཀྱི་ཡོད།
འཕུར་སྐྱོད་འཕྲུལ་ཆས་དང་ཚོར་ཆས་དང་མི་ཐབས་རིག་ནུས་ཟུང་འབྲེལ་བྱས་ནས་ལས་སྒྲུབ་ཁྱབ་ཁོངས་རྒྱ་ཆེར་ཕྱིན་ཞིང་། ལག་རྩལ་དེ་པར་ཙིར་གྱི་གཞི་ཁྱོན་ཆེ་བའི་ནགས་ཚལ་དང་། ཆུ་བོ། གཞུང་ལམ། ས་ཞིང་བཅས་སུ་སྤྱོད་ཆོག་པ་མ་ཟད། མེ་སྐྱོན་དང་ཆུ་ལོག་ཐོན་སྐབས་འཕྲལ་སྡོམ་རོགས་སྐྱོབ་ལའང་སྤྱོད་ཆོག་གི་ཡོད།
གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་མི་མེད་གནམ་གྲུ་འཕེལ་རྒྱས་ཕྱིན་པ་ལས་པར་ཙིར་གྱི་ཞིང་ལས་ལ་གོ་སྐབས་བྱུང་ཡོད། པར་ཙིར་གྱི་ཁེ་ལས་ཀྱིས་ཀྲུང་གོའི་སྒྲིག་ཆས་ནང་འདྲེན་བྱེད་པ་དང་དུས་མཚུངས། ཀྲུང་གོའི་ཁེ་ལས་ཀྱིས་པར་ཙིར་གྱི་ས་གནས་དེ་གའི་ཁེ་ལས་དང་། ཞིབ་འཇུག་ལྟེ་གནས། མཁོ་སྤྲོད་ཚོང་པ་བཅས་ལ་མ་འཇོག་བྱ་རྒྱུར་སྐུལ་ཁྲིད་བྱས་པས་ཐོན་ལས་འཁོར་འབྲེལ་དེའི་ནང་ཞུགས་ཐུབ་ཡོད་པ་རེད།
——《མངོན་སུམ་གྱི་པར་ཙིར》 དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།