སྦྲང་རྩི་སྤུས་ཀ་ལེགས། ཕྱིར་གཏོང་ཚོང་ལམ་ཡངས།
མཚོ་སྔོན་གྱི་སྦྲང་རྩིའི་ཐོན་ལས་འཕེལ་རྒྱས་སྐོར་བཀོད་པ།

འདི་ནི་སེར་ལམ་ལམ་གྱི་པད་ཞིང་འཁྲིས་ཀྱི་མྱུར་བགྲོད་ལྕགས་ལམ་ཐོག་སྐྱོད་བཞིན་པའི་མེ་འཁོར་ཡིན་པ།

འདི་ནི་མེ་ཏོག་གླིང་གི་སྦྲང་རྩི་ཐུམ་སྒྲིལ་གྱི་ལས་རིམ་ཡིན་པ།
མཚོ་བོད་ས་མཐོར་དབྱར་ཁ་ཤར་རྒྱུ་འགོར་ལ་དུས་ཡུན་ཐུང་། ལོ་ལྟར་ཟླ་བདུན་པ་འཆར་རིམ་བཞིན་སྦྲང་ནོར་བུ་གསོ་མཁན་དུད་ཚང་5000ནས་6000བར་མཚོ་སྔོན་དུ་སྦྲང་ནོར་བུ་གསོ་བར་ཡོང་བ་དང་སྦྲང་ནོར་བུའི་ཁྱུ་ཚོགས་ཁྲི་100ནས་ཁྲི་120བར་རྒྱུན་འཁྱོངས་ཐུབ་ཡོད།
གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་མཚོ་སྔོན་ཞིང་ཆེན་གྱི་སྦྲང་རྩིའི་ཐོན་རྫས་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་སྒོར་ཁྲི་545.3ཟིན་པ་དང་འབྲེལ། ཀེ་རི་སེ་དང་། སིང་ཀ་ཕོར། ཕོ་ལན་སོགས་གསར་དར་གྱི་ཕྱི་རྒྱལ་ཁྲོམ་རར་གྲུབ་འབྲས་ཐོབ་པའི་ངང་བཏོན་ཐུབ་པ་དང་ཕྱིར་གཏོང་བྱེད་ཁོངས་མུ་མཐུད་སྣ་མང་རྒྱ་སྐྱེད་ཐུབ་ཡོད། དབྱར་མཚོ་རྒྱས་པ་ལྟ་བུའི་འི་ས་མཐོའི“སྦྲང་རྩིའི་མཛོད”ནང་མཚོ་སྔོན་གྱི་སྦྲང་རྩིའི་ཁེ་ལས་དེ་བས་མང་བས་ཡུལ་གཞན་གྱི་ཚོང་པའི“མ་བཅོས་རྒྱུ་ཆའི་མཛོད”སྐོང་རྒྱུར་བློ་ཡིད་ཚིམས་ནས་མ་བསྡད་པར། མཚོ་སྔོན་ས་མཐོའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ཐོན་ཁུངས་ལ་བརྟེན་ནས་སྤུས་ཚད་འགན་ལེན་དང་། སྤུས་རྟགས་འཛུགས་སྐྱོང་། ཁྲོམ་ར་གསར་འབྱེད་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ས་བབ་སྨི་སུམ་སྟོང་ཟིན་པའི་སྦྲང་རྩི་དག་རིམ་བཞིན་རྒྱལ་སྤྱིའི་ཁྲོམ་རར་སྐུལ་འདེད་གཏོང་བའི་མིང་བྱང་གསར་པར་གྱུར་ཡོད།
ཟླ་8ཚེས་22ཉིན། འཇུ་ལག་གི་མེ་ཏོག་གླིང་སྦྲང་རྩིའི་ལས་རིགས་ཚད་ཡོད་ཀུང་སིའི་འཁོར་ཁང་ནང་། སྦྲང་རྩིའི་ཤེལ་དམ་ཐོག་རང་བདག་སྤུས་རྟགས་སྦྱར་ནས་པེ་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན། ཀོང་ཀྲོའུ་སོགས་ཀྱི་ཚོང་ཁང་དང་ཁྱད་ལྡན་ཐོན་རྫས་ཚོང་ཁང་དུ་བཏོན་ཡོད།
“དང་ཐོག་ཧོ་ནན་བ་དང་། ཀྲེ་ཅང་བ། སི་ཁྲོན་བ་བཅས་ཀྱིས་མེ་ཏོག་གི་ཟེའུ་འབྲུ་དང་སྦྲང་རྩི་བསྡུ་གི་ཡོད། ང་ཚོས་ཀྱང་ཁོང་ཚོ་དང་འདྲ་བར་མ་བཅོས་རྒྱུ་ཆ་བསྡུ་གི་ཡོད”ཅེས་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཞའོ་མིང་གིས་བརྗོད། 2015ལོར་འགྱུར་ལྡོག་བྱུང་རྗེས་མེ་ཏོག་གླིང་ལ་རྒྱལ་ཡོངས་ཀྱི་བཟོ་ལས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་རག་ནས་རང་ཉིད་ཀྱི་སྤུས་རྟགས་ཐོན་རྫས་བཟོ་འགོ་ཚུགས། སྦྲང་རྩི་དང་། མེ་ཏོག་གི་ཟེའུ་འབྲུ། སྦྲང་རྩི་རྩེ་གྲ། སྦྲང་སྤྱིན་བཅས་རིགས་ཆེན་པོ་བཞི་ནས་འགོ་བཙུགས་ཏེ་སྦྲང་རྩིའི་ཐོན་རྫས(སྦྲང་རྩིའི་ཡིའུ་ཙི་ཇ་དང་མེ་ཏོག་གི་ཟེའུ་འབྲུའི་བག་ལེབ)དང་སྦྲང་རྩིའི་བྱུག་རྫས(སྦྲང་རྩིའི་གདོང་གསོས་དང་། ཡི་ཙི། ལག་གསོས་བྱུག་རྫས)བར་རིམ་བཞིན་རྒྱ་སྐྱེད་བཏང་ནས་ཐོན་རྫས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ཡོད།
སྦྲང་ནོར་བུ་ནི་གསོན་ཐུབ་པ་ཙམ་མིན་པར། དེ་ཉིད་ས་མཐོའི་ཁོར་ཡུག་ཁྲོད་འཕེལ་འགྱུར་བྱུང་བའི་སྐྱེ་དངོས་རིག་པའི་ཁྱད་ཆོས་ལས་ཐད་ཀར་སྦྲང་རྩིའི་སྤུས་ཚད་གཏན་འཁེལ་ཐུབ་ཀྱི་ཡོད། “ས་བབ་སྨི་3000ཡན་གྱི་སྦྲང་རྩིའི་འབྱུང་ཁུངས་ཀྱི་རྩི་ཤིང་གིས་སྨུག་ཕྱིའི་འོད་ཟེར་ཤུགས་ཆེ་བ་དང་དྲོད་ཚད་ཧེ་བག་ཆེ་བའི་གནམ་གཤིས་ཁྱད་དུ་བསད་ནས་དེ་བས་གར་ཚད་མཐོ་བའི་དངོས་པོ་རང་བཞིན་གྱིས་གྲུབ་པ་དང་། སྦྲང་ནོར་བུས་མེ་ཏོག་གི་རྩི་བཅུད་དེ་དག་བཏུས་རྗེས་བྱུང་བའི་ཏེན་ཧྥེན་མའེ་ཡི་བསྡུར་ཚད་དེ་སྦྲང་ནོར་བུའི་རིགས་དཀྱུས་མ་ལས་ཆེས་མཐོ་བ་ཡོད”ཅེས་མཚོ་སྔོན་མཚོ་བོད་རྒྱུད་བཟང་སྦྲང་ནོར་བུ་གསོ་ཚགས་ར་བའི་ཏུང་ཧྲི་ཀྲང་ཝང་ཡུས་ཀའོ་ཡིས་གསར་འགོད་པར་བརྗོད། ཁོང་གིས། རྒྱལ་ཁབ་ཀྱི་ཚད་གཞིའི་ནང་སྦྲང་རྩིའི་ཏེན་ཧྥེན་མའེ་ཡི་བསྡུར་ཚད་4ཡིན་པ་དང་དེ་གའི་སྦྲང་ནོར་བུའི་ཐོན་རྫས་30ཡན་ཟིན་གྱི་ཡོད་ཅེས་བརྗོད། ཞིང་ལས་པུའི་རིགས་གཅིག་མཁས་ཅན་གྱིས་མ་དཔེ་འཐེན་བཤེར་བྱེད་སྐབས་གྲངས་གཞིར་དོགས་འཆར་བྱུང་ནས་ཞིབ་དཔྱད་ཚད་ལེན་ཡང་ཡང་བྱས་རྗེས། ཀྲུང་གོར་དེ་སྔ་དམིགས་ཚད་མཐོ་པོ་དེ་འདྲ་ཐོན་མྱོང་མེད་པ་གཏན་འཁེལ་བྱས།
སྦྲང་ནོར་བུའི་རིགས་ནས་སྦྲང་རྩིའི་འབྱུང་ཁུངས་བར་གྱི་འཁོར་འབྲེལ་ཧྲིལ་པོ་ཚོད་འཛིན་ཐུབ་པས་ཝང་ཡུས་ཀའོ་ཡི་གསོ་ཚགས་ར་བར་ཐོན་སྐྱེད་བྱས་པའི་སྦྲང་རྩིར་ཡོ་རོབ་མནའ་འབྲེལ་གྱི་སྐྱེ་ལྡན་བདེན་དཔང་ར་སྤྲོད་རེ་ཞུ་བྱེད་པའི་གདེང་ཚོད་ཡོད་པ་རེད། 2014ལོར་མཚོ་སྔོན་གྱི་སྦྲང་རྩིར་གོ་ལ་ཧྲིལ་པོའི་སྐྱེ་ལྡན་བདེན་དཔང་ར་སྤྲོད་ནན་ཤོས་ཐོབ་པ་མ་ཟད། བདེན་དཔང་ར་སྤྲོད་དེ་ད་བར་ལོ་ལྟར་བསྐྱར་ཞིབ་བྱས་པ་བརྒྱུད་བར་མཚམས་ཆད་མྱོང་མེད།
ཉམས་སད་ཐེག་ཐུབ་པའི་སྤུས་ཚད་ལས་མཐར་བྲིན་ཚོང་གི་ཁ་ཕྱོགས་གཏན་འཁེལ་བྱས་ཤིང་། ད་ཆ་མཚོ་སྔོན་གྱི་སྦྲང་རྩིའི་ཁྲོམ་རའི་ཁྱབ་ཁོངས་བརྟན་པོའི་ངང་རྒྱ་ཆེར་འགྲོ་བཞིན་ཡོད་པ་དང་། རྒྱལ་ནང་གི་གནམ་ཐང་དང་། མྱུར་བགྲོད་ལྕགས་ལམ། རྩེར་སོན་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་སོགས་ཀྱི་སྐར་ཁུང་ཐབས་ལམ་ཕུད་ཅིང་ཏུང་དང་། ཐེན་མའོ། འཁྱུག་དབྱིངས་སོགས་ཀྱི་ལས་སྟེགས་དྲ་ཐོག་ཏུ་ཁྱབ་པ་དང་འཇར་མན་དང་། མ་ལེ་ཞི་ཡ། ཤང་ཀང་དང་ཨའོ་མོན་བཅས་ལའང་ཕྱིར་གཏོང་བྱེད་ཀྱི་ཡོད་པ་རེད།
“དེ་གའི་སྦྲང་རྩིའི་ཁེ་ལས་ནི་རྒྱལ་ནང་དུ་ཡོ་རོབ་མནའ་འབྲེལ་གྱི་སྐྱེ་ལྡན་བདེན་དཔང་ར་སྤྲོད་ཐོབ་མཁན་དེ་ཙམ་མང་པོ་མེད་པའི་ཁྲོད་ཀྱི་ཁེ་ལས་ཤིག་རེད”ལས་འགན་རྒྱུན་མཐུད་མཁན་སྦྱིན་བདག་མི་རབས་གཉིས་པ་ཝང་ཏ་མིང་གིས“སྤུས་ཚད་ར་སྤྲོད”དེ་རྒྱ་ཆེའི་ཁྲོམ་རར་ཁྱབ་གདལ་གཏོང་བཞིན་ཡོད། “མཚོ་སྔོན་གྱི་སྦྲང་རྩིའི་སྤུས་ཚད་ནི་རྒྱལ་ནང་གི་རྩེ་གྲས་སུ་སླེབས་ཡོད” ཝང་ཏ་མིང་གིས་སྦྲང་རྩིའི་ཡོ་རོབ་མནའ་འབྲེལ་གྱི་སྐྱེ་ལྡན་བདེན་དཔང་ར་སྤྲོད་དང་། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས། ལོ་ཉི་ཤུ་ལྷག་ཙམ་རིང་བརྟན་པོ་བྱུང་བའི་སྤུས་ཚད་མཐོ་པོ་བཅས་ཚང་མ་ཁྲོམ་རའི་ཐོག་སྐད་ཆ་ཤོད་དབང་ལྡན་པའི“མ་རྩ་ཡག་ཤོས”སུ་འགྱུར་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། ན་ནིང་ཁོང་གིས་གོ་ལ་ཧྲིལ་པོའི་སྟབས་བདེའི་ཚོང་ཁང་ཆེ་ཤོས་ཀྱི་སྤུས་རྟགས་“711”དང་མཉམ་ལས་བྱས་ཏེ་མིང་མཉམ་དུ་བཀོད་ནས་སྦྲང་རྩིའི་བླུག་སྣོད་གསར་སྤེལ་བྱས་ནས་སྦྲང་རྩི་དེའི་ནང་བླུགས་ཏེ་བཏུང་བྱ་དང་སྡེབ་སྒྲིག་བྱས་ནས་འཚོང་གི་ཡོད། “འཛད་སྤྱོད་བྱེད་མགྱོགས་པའི་ཐོན་རྫས་ནི་ཐོན་རྫས་རིན་ཐང་སྤོར་བའི་ཁ་ཕྱོགས་ཡིན་ཞིང་། ཇུས་འགོད་བྱས་ཟིན་པས་དྲ་ཐོག་ཏུ་འདོན་རྒྱུར་སྒུག་ཡོད”
ཁྲི་ཀའི་རི་ཚོགས་ཁྲོད་ཀྱི་དགུན་སྒྲོལ་བྱེད་མཁན་སྦྲང་ནོར་བུ་གཅིག་ནས་གོ་ལ་ཧྲིལ་པོའི་ཟོག་སྒྲོམ་ཐོག“ཐོབ་ཐང་ལག་ཁྱེར”ཡོད་པའི་སྐྱེ་ལྡན་སྦྲང་རྩི་གཅིག་གི་བར་མཚོ་སྔོན་གྱི་སྦྲང་རྩིའི་ལས་རིགས་འཕེལ་རྒྱས་བཏང་བའི་ཐབས་ལམ་དེས་མཚོ་སྔོན་གྱི་སྦྲང་ནོར་བུའི་ཐོན་ལས་ལ་མཆན་འགྲེལ་གསལ་པོ་ཞིག་བྱས་པ་སྟེ། ས་མཐོའི་སྐྱེ་ཁམས་ཀྱི་རིན་ཐང་དེ་ར་སྤྲོད་ཐུབ་པའི་ཚད་གཞི་ཁོ་ན་བརྒྱུད་གཞི་ནས་ཁྲོམ་རའི་རིན་ཐང་ངོ་མར་འགྱུར་ཐུབ་པ་དང་གཞི་ནས་མ་བཅོས་རྒྱུ་ཆའི་རྟེན་གཞི་ནས་སྤུས་རྟགས་ཀྱི་མཐོ་སར་སླེབས་ཐུབ་པ་དེ་རེད།
མཚོ་སྔོན་གྱི་སྦྲང་རྩིའི་ཐོན་རྫས་ནི་རྒྱལ་ཡོངས་ཙམ་མ་ཟད། ཐ་ན་འཛམ་གླིང་ཡོངས་ནས་ཡག་ཤོས་རེད་ཅེས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཕང་གོ་ཧྥང་གིས་2012ལོར་དེ་ལྟར་གསུངས་མྱོང་བ་དང་། ཁོང་གི་བཀའ་མོལ་དུམ་བུ་དེ་ད་ལྟའང་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ལྗང་མདོག་ཐོན་ལས་གླིང་གི་ཐོན་སྐྱེད་རྟེན་གཞིར་ཡོད་པའི་ཧྭ་པའོ་སྦྲང་རྩི་ཐོན་ལས་ཀུང་སིའི་འགྲེམས་སྟོན་ཐིང་དུ་བཀལ་ཡོད་ལ། ཧྭ་པའོ་བ་མི་རེ་ངོ་རེའི་སེམས་སུའང་གནས་ཡོད། 1951ལོར་བཟོ་གྲྭ་བཙུགས་པའི་རྙིང་ཁུངས་མིང་ཅན་དེས་འཆར་གཞིའི་དཔལ་འབྱོར་དུས་རབས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་མྱོང་ལ། གཞུང་ཁོངས་ཁེ་ལས་ཀྱི་ལམ་ལུགས་སྒྱུར་བཅོས་ཀྱི་དཀའ་ངལ་ཡང་ཁྱད་བསད་བྱས་རྗེས། ད་ཆ་ཧྭ་པའོ་ཡིས་ཞིང་ཆེན་ཡོངས་སུ་སྦྲང་རྩིའི་རྟེན་གཞི་42བསྐྲུན་ཡོད་པ་དང་། ལོར་སྦྲང་རྩི་ཐོན་ཚད་ཏུན་1000ལྷག་ཙམ་ཟིན་པ། ལོར་སྦྲང་རྩི་རྩེ་གྲ་དང་སྦྲང་རྩིའི་མ་བཅོས་རྒྱུ་ཆ་ཏུན་200ལྷག་ཙམ་ཕྱིར་གཏོང་ཐུབ་པ། ཀུང་སིར་HACCPསྤུས་ཚད་དོ་དམ་མ་ལག་གི་ཁས་ལེན་དང་CSཡི་ཁས་ལེན་ཐོབ་པ་བཅས་བྱུང་ཡོད།
ཞིང་དུད་དང་། སྦྲང་ནོར་བུ་གསོ་མཁན། མཉམ་ལས་ཁང་། རྟེན་གཞི། བཟོ་གྲྭ དྲ་སྦྲེལ+བཅས་ཟུང་འབྲེལ་གྱི་ཕྱོགས་དྲུག་གཞི་གཅིག་གི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་གཏོང་སྟངས་བརྒྱུད། ཧྭ་པའོ་ཡིས་འཚོལ་ཞིབ་བྱས་པ་དེ་ནི་ཁེ་ལས་དབར་གྱི་འགྲན་རྩོད་ལས་རྣམ་པར་རྒྱལ་བ་ཙམ་མིན་པར་མཚོ་སྔོན་གྱི་སྦྲང་ནོར་བུའི་ཐོན་ལས་ཀྱིས་ཐོན་ལས་འཁོར་འབྲེལ་གྱི་ཞན་ཆ་སེལ་བ་དང་། སྦྲང་རྩིའི་འབྱུང་ཁུངས་མེ་ཏོག་གླིང་ནས་འཛད་སྤྱོད་ཁྲོམ་རའི་བར་གྱི་འཁོར་འབྲེལ་ཧྲིལ་པོ་གཏོད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། ཁེ་ལས་ཀྱིས་ཕྱོགས་གཅིག་ནས་རྒྱ་ཆེའི་སྦྲང་ནོར་བུ་གསོ་མཁན་དང་ས་གནས་དེ་གའི་འདེབས་འཛུགས་ཞིང་དུད་དང་མཉམ་འབྲེལ་བྱས་ཏེ་མཉམ་ལས་ཁང་དང་ཚད་ལྡན་ཅན་གྱི་སྦྲང་རྩིའི་འབྱུང་ཁུངས་རྟེན་གཞིར་བྱས་ནས་མ་བཅོས་རྒྱུ་ཆའི་འབྱུང་ཁུངས་བརྟན་དུ་བཏང་སྟེ་སྦྲང་རྩི་བསྡུ་ལེན་དང་ཞིབ་དཔྱད་ཀྱི་འགག་སྒོ་ནན་པོ་སྲུང་གི་ཡོད། ཕྱོགས་གཞན་ཞིག་ནས་བཟོ་གྲྭའི་ལས་སྣོན་གཞན་སྒྱུར་ལ་བརྟེན་ནས་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་མཐོ་རུ་བཏང་བ་དང་དྲ་སྦྲེལ་ལ་བརྟེན་ནས་དྲ་ཐོག་དང་དྲ་ཕྱིའི་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་ཡོད། བྱ་ཐབས་གསར་གཏོད་བྱས་པ་བརྒྱུད་སྦྲང་ནོར་བུ་གསོ་མཁན་གྱི་ཡོང་འབབ་བརྟན་དུ་ཕྱིན་པ་དང་སྤུས་ལེགས་མ་བཅོས་རྒྱུ་ཆ་མཁོ་སྤྲོད་འགན་ལེན་ཐུབ་པ་མ་ཟད། ས་མཐོའི་སྦྲང་རྩིའི་ཐོན་རྫས་མཚོ་སྔོན་ནས་ཕྱིར་ཚོང་ཐུབ་སྟེ་ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་སྦྲང་རྩིའི་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བ་དང་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱོར་བར་དཔྱད་གཞིར་འཛིན་ཆོག་པའི་ཁེ་ལས་ཀྱི་མ་དཔེ་མཁོ་འདོན་བྱས་ཡོད།
སྦྲང་ནོར་བུ་ཆུང་ཆུང་ཞིག་གིས་མེ་ཏོག་གླིང་དང་། སྦྲང་ནོར་བུ་གསོ་མཁན། ཁེ་ལས། རྒྱ་ཆེ་བའི་ཁྲོམ་ར་བཅས་འབྲེལ་མཐུད་བྱས་ཡོད། མ་བཅོས་རྒྱུ་ཆ་འཚོང་བ་ནས་སྤུས་རྟགས་བཏོད་པའི་བར་དང་། ས་མཐོའི་སྦྲང་རྩིའི་འབྱུང་ཁུངས་ནས་རྒྱལ་སྤྱིའི་གར་སྟེགས་ཐོག་སྐྱོད་པ། དེ་ནས་སྨན་རྫས་ཅན་གྱི་ལས་སྣོན་ཞིབ་ཚགས་བྱེད་པའི་ཕྱོགས་སུ་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱས་པས། མཚོ་སྔོན་གྱི་སྦྲང་རྩིའི་ཐོན་ལས་ལ་ངོ་མཚར་ཆེ་བའི་འགྱུར་ལྡོག་ཅིག་བྱུང་བཞིན་ཡོད། ཐུན་མོང་མ་ཡིན་པའི་ས་མཐོའི་སྐྱེ་ཁམས་ལེགས་ཆར་གཞི་ཚུགས་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཤར་གཏོང་ཐུབ་པར་བྱས་ཤིང་། ས་བབ་སྨི་3000ཟིན་པའི་སྦྲང་རྩི་དེས་ཐོན་ལས་ཀྱི་རིན་ཐང་དེ་བས་ཆེ་བ་འདོན་ཐུབ་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་ལེགས་པོ་ཞིག་སྦྱར་ཡོད།
འབྲེལ་ཡོད་གསར་འགྱུར།