དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས“1121”ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-20

    ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་2019ལོའི་ཟླ་12པར་ཆོག་མཆན་ཐོབ་ནས་བཙུགས་ཚུན། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཡར་ཀླུང་གཙང་པོའི་ནུས་རྒྱུ་གཙང་མ་གསར་སྤེལ་ཞབས་ཞུའི་ལྟེ་གནས་དང་། ས་མཐོའི་ཁྱད་ཆོས་དང་གསར་དར་ཐོན་ལས་མཉམ་འདུས་ཀྱི་མཐོ་ས། བོད་ཤར་ལྷོའི་ཕྱི་ཕྱོགས་སྒོ་དབྱེའི་མཉམ་ལས་སྐར་ཁུང་བཅས་ངེས་གནས་ཆེན་པོ་གསུམ་ལ་གཞིགས་ཏེ་འཆར་འགོད་ཁྲིད་སྟོན་དང་། ཚོང་འགུགས་སྔོན་སྤེལ། ཞབས་ཞུའི་སྤུས་ཚད་མཐོར་གཏོང་། གསར་གཏོད་སྐུལ་ཁྲིད་བཅས་མཐའ་འཁྱོངས་ཀྱིས་དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས་གླིང་ཁུལ་འཕེལ་རྒྱས་ཀྱི་ནུས་པ་དང་རིམ་པ་རྒྱུན་མཐུད་གོང་མཐོར་བཏང་བ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་འབའ་ཞིག་ཡིན་པའི་ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས“1121”ཐོན་ལས་མ་ལག་ཁ་གསལ་བཟོས་པ་སྟེ། ནུས་རྒྱུ་གཙང་མའི་འཁོར་འབྲེལ་ཧྲིལ་པོའི་ཐོན་ལས་གཙོ་ཁྲིད་དུ་བྱེད་པ་དང་། ས་མཐོའི་སྐྱེ་དངོས་ཐོན་ལས་ཁྱད་ཆོས་སུ་བྱེད་པ། གསར་དར་ཆ་འཕྲིན་ལག་རྩལ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་ཆེན་པོ་གཉིས་ཟུར་སྣོན་དུ་བྱེད་པ། དེང་རབས་ཞབས་ཞུའི་ལས་རིགས་སྟོབས་ཆེར་གཏོང་བ་བཅས་རེད། གླིང་ཁུལ་གྱིས“ལྟེ་བ་གཅིག་དང་། སྲོག་ཤིང་གསུམ། རྟེན་གཞི་བཞི”བཅས་ཀྱི་བར་མཐོངས་བཀོད་པ་དང“གླིང་གཅིག་ཁུལ་མང”གི་འཕེལ་རྒྱས་བཀོད་པ་བཏོད་དེ། ཐོན་ལས་གཅིག་འདུས་དང་ནུས་པ་གསབ་རེས་ལ་སྐུལ་འདེད་བཏང་བ་རེད།

    མིག་སྔར། ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཀྲུང་དབྱང་ཁེ་ལས་ཀྱི་ཉིང་ལག་ཀུང་སི་8དང་ཀྲུང་དབྱང་ཁེ་ལས་ཀྱི་ཡན་ལག་ཀུང་སི་27བཙུགས་ཡོད། ཀོང་ཏུང་ཐོན་ལས་བོད་སྐྱོར་གྱི་གཞི་རྟེན་གཙོ་བོ་སྟེ་ཀོང་ཏུང་དང་ཉིང་ཁྲིའི་ཐོན་ལས་གླིང་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཞིང་། དེའི་ནང་ཐོན་ལས་གླིང་དུས་ཐེངས་དང་པོར་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། འགྲེམས་སྟོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པ་དང་། 2020ལོར་སྤྱོད་འགོ་ཚུགས་ནས་རང་སྐྱོང་ལྗོངས་རིག་གནས་ཐོན་ལས་དཔེ་སྟོན་གླིང་ལ་བདམས་ཡོད། ཐོན་ལས་གླིང་དུས་ཐེངས་གཉིས་པ(ས་མཐོའི་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་དང་ཀྲུང་ལུགས་སྨན་དང་བོད་སྨན་ཐོན་ལས་གླིང)2025ལོར་ཕྱོགས་ཡོངས་ནས་ཚོང་འགུགས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་ལེགས་འདེམས་ཧྲག་འདེམས་བྱས་ཡོད། རྒྱལ་ཁབ་ཀྱི་ཞིབ་བཤེར་དང་། ཀོང་ཏུང་འཛུགས་སྐྲུན་ཚན་རིག་ཞིབ་འཇུག་ཁང་། ཤར་ཕྱོགས་ཆུ་བེད་སོགས་སྣེ་འདྲེན་ཁེ་ལས་22བཙུགས་པ་དང་བཅའ་སྡོད་བྱེད་ཚད་བཞི་ཆ་གསུམ་ཟིན་ཡོད། ཀོང་ཏུང་དང་ཉིང་ཁྲིའི་ཐོན་ལས་གླིང་དུས་ཐེངས་གསུམ་པའི་རྣམ་གྲངས་ད་ལོར་ལས་འགོ་འཛུགས་ཐུབ་པར་བྱ་རྒྱུ་ཡིན་ཞིང་། རྣམ་གྲངས་དེ་ཀོང་ཏུང་ཞིང་ཆེན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”བོད་སྐྱོར་གྱི་གཙོ་གནད་རྣམ་གྲངས་རྐྱང་པ་ཞིག་ཡིན་པའི་ངོས་ནས། ཚན་རྩལ་གསར་གཏོད་ཀྱི་དེང་རབས་ཞབས་ཞུའི་ཐེག་ནུས་ལྟེ་བར་གཏན་འཁེལ་བྱས་ཏེ་སྤྱི་ཁྱབ་པུའུ་དཔལ་འབྱོར་དང་ཚན་རྩལ་གསར་གཏོད་ཤེས་ལྡན་པ་ཟུང་དུ་འབྲེལ་བའི་གསར་གཏོད་སྐྱེ་ཁམས་ཀྱི་མཐོ་ས་བཏོད་ནས། ཀོང་ཏུང་གི་བོད་སྐྱོར་ཐོན་གྲོང་མཉམ་འདྲེས་དཔེ་སྟོན་གླིང་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།