2025ལོའི་ལོ་འཁོར་གྱི་བོད་ཀྱི་བཟོ་བོ་བསྟན་པ་རྡོ་རྗེ།
བཟོ་བོའི་རྩལ་ནུས་ལེགས་པར་ངོམས། ཡུལ་མིར་བརྩེ་སེམས་རྣམ་དག་བཅངས།
བྲག་གཡབ་རྫོང་ཐོན་ལས་གླིང་ཁུལ་དུ་སྐྱོད་སྐབས་བྲག་གཡབ་རྫོང་སྨད་སྟོད་གསེར་དངུལ་ལག་ཤེས་བཟོ་རྩལ་རྒྱུན་འཛིན་མཉམ་ལས་ཚད་ཡོད་ཀུང་སིའི་བཟོ་ཁང་དུ་ཐོ་བའི་སྒྲ་ཡང་ཡང་ཐོས་རྒྱུ་ཡོད་ལ་ཉི་འོད་འོག་གསེར་དངུལ་ལས་འོད་ཆེམ་ཆེམ་འཕྲོ་བཞིན་ཡོད།
ངོ་གདོང་ཅུང་ནག་པ་དང་སྐྲ་ཅུང་ཟད་དཀར་པོར་གྱུར་པའི་སྐྱེས་པ་དར་མ་ཞིག་ལས་སྟེགས་མདུན་དུ་ལངས་ཏེ་ན་གཞོན་དགེ་ཕྲུག་ཚོའི་ལག་ནང་གི་རྒྱུ་ཆར་བློ་རྩེ་གཅིག་སྒྲིམ་གྱིས་ལྟ་བཞིན་དུ་མིག་ཟུང་ལས་ངང་རིང་དང་རེ་སྒུག་ཆེན་པོ་བྱེད་ལུགས་མངོན་པར་བྱེད། ཁོང་ནི་2025ལོའི་ལོ་འཁོར་གྱི་བོད་ཀྱི་བཟོ་བོ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་རྣམ་གྲངས་སྨད་སྟོད་གསེར་དངུལ་རྡུང་བཟོའི་ལག་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བསྟན་པ་རྡོ་རྗེ་རེད།
1984ལོར། ལོ་ན་བཅུ་གྲངས་ཡིན་པའི་བསྟན་པ་རྡོ་རྗེས་ཕ་ཚེ་རིང་ཕུན་ཚོགས་གམ་ནས་ལག་རྩལ་སྦྱོང་འགོ་ཚུགས་ཤིང་དང་ཐོག་མར་ལྷ་བྲིས་སྦྱངས་པ་དེས་ཀྱང་ཁོང་གིས་རྗེས་སོར་གསེར་དངུལ་ལག་ཤེས་སྒྱུ་རྩལ་སྦྱོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། དེ་རྗེས་བསྟན་པ་རྡོ་རྗེས་སླར་ཡང་ཡུལ་དེའི་ལག་ཤེས་བཟོ་རྩལ་པ་ཡེ་ཤེས་དང་ཚེ་དབང་དོན་གྲུབ་དགེ་རྒན་དུ་བསྟེན་ནས་གསེར་ཆས་དང་དངུལ་ཆས་བཟོ་བ་དང་ཇུས་འགོད་ལག་རྩལ་ཐད་སྦྱངས་པ་ལྷུར་ལེན་བྱས།
2003ལོར་ལག་རྩལ་མཐར་ཕྱིན་པའི་བསྟན་པ་རྡོ་རྗེས་རང་སྐྱ་འཕེར་བའི་སྒོ་ནས་བཟོ་ཁང་བཙུགས་ཏེ་འཕྲལ་མར་གྲོང་ཚོའི་ནང་ནས་དགེ་ཕྲུག་བསྡུས་ཏེ་ལག་རྩལ་བརྒྱུད་ཁྲིད་བྱས། ཐོག་མར་མི་བཅུ་ལྷག་ཙམ་ལས་མེད་པ་དང་ཚང་མས་ལོ་ལྟར་ཕྱི་ཕྱོགས་ནས་མངག་ཐོ་ལེན་གྱི་ཡོད།
གྲོང་ཚོའི་ནང་ལག་ཤེས་སྦྱོང་འདོད་བྱེད་མཁན་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་ཁོང་གིས་བློ་ཁོག་ཆེན་པོས་འཆར་གཞི་ཞིག་བཀོད་པ་སྟེ། ཀུང་སི་བཙུགས་ཏེ་ཚང་མ་མཉམ་དུ་འཛོམས་ནས་ལག་ཤེས་དེ་ཐོན་ལས་སུ་བསྒྱུར་ཐོག་མི་དེ་བས་མང་བ་ལས་ཞུགས་བརྟན་པོ་དང་ཡོང་འབབ་གསོག་ཐུབ་པ་བྱ་རྒྱུ་དེ་རེད།
2014ལོར། བྲག་གཡབ་རྫོང་སྨད་སྟོད་གསེར་དངུལ་ལག་ཤེས་བཟོ་རྩལ་རྒྱུན་འཛིན་མཉམ་ལས་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ་དང་། གསེར་དངུལ་ལག་ཤེས་སྒྱུ་རྩལ་དེ་ཡང་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་ལམ་བུར་སྐྱོད་འགོ་ཚུགས། 2016ལོར་རྫོང་ནང་གི་འགོ་ཁྲིད་ཀྱིས་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་རྗེས་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་འདུག་མོད། འོན་ཀྱང་ས་ཁམས་གནས་བབ་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་འདུག་པས་གནས་སྤོ་བཟང་སྒྲིག་བྱ་རྒྱུའི་གྲོས་འགོ་བཏོན། 2018ལོར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རོགས་སྐྱོར་ཤུགས་ཆེན་འོག་ཀུང་སི་དེ་གྲོང་ཚོ་ནས་ཐོན་ལས་གླིང་ཁུལ་དུ་སྤོས་ཏེ་ས་ཆའི་བོགས་དངུལ་རྩ་ཆག་བཏང་བ་མ་ཟད་ད་དུང་རོགས་སྐྱོར་མ་དངུལ་སྒོར་ཁྲི་40ལྷག་ཙམ་རག་པ་རེད།
ཁེ་ལས་བརྟན་པོའི་ངང་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་རྗེས་བསྟན་པ་རྡོ་རྗེ་ཡིས་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་ཕ་ཡུལ་ལ་དྲིན་ལན་འཇལ་ཡོད། 2019ལོ་ནས་བཟུང་ཁོང་གིས་ལོ་ལྟར་ཀུང་སིའི་ཡོང་འབབ་ནས་5%བཏོན་ཏེ་སྨད་སྟོད་གྲོང་ཚོའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འཚམས་འདྲི་དང་རོགས་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། ལོ་ལྟར་གྱི་ལོ་མཇུག་ཏུ། ཁོང་གིས་ཀུང་སིའི་ལས་མི་ཡོངས་ལ་འབྲས་དང་། གྲོ་ཞིབ། འབྲུ་སྣུམ་སོགས་དུས་ཆེན་གྱི་འཚམས་འདྲིའི་དངོས་པོ་སྤྲོད་ཀྱི་ཡོད།
མིག་སྔའི་བར། བསྟན་པ་རྡོ་རྗེའི་ཀུང་སིར་ལས་མི་36ཡོད་པ་དང་སྔ་རྗེས་སུ་དགེ་ཕྲུག་58གསོ་སྐྱོང་བྱས་ཡོད། རང་མགོ་ཐོན་པའི་བཟོ་བོ་དེ་དག་ས་གནས་ཁག་ཏུ་བསྐྱོད་དེ་ལག་རྩལ་རྒྱུན་འཛིན་དང་ལས་གཏོད་ལས་ཞུགས་ལ་གཞོལ་ནས་སོ་སོའི་ཁྱབ་ཁོངས་སུ་གྲུབ་འབྲས་བཟང་པོ་ཐོབ་ཡོད། དེ་དག་གི་སྐོར་གླེང་སྐབས་བསྟན་པ་རྡོ་རྗེས་སྤོབས་པ་ཆེན་པོས“སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་བྱེད་མཁན་ཡོད་པ་མ་ཟད། ཡུལ་མི་ཚོས་ལག་རྩལ་ལ་བརྟེན་ནས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་མཐོང་སྐབས་རང་ཉིད་ལ་བྱ་དགའ་ཐོབ་པ་ལས་ཀྱང་དགའ་ཚོར་ཆེ་བ་འདུག”ཅེས་བཤད།
ད་ཆ་ཀུང་སི་འཕེལ་རྒྱས་ཡག་པོ་ཕྱིན་པ་དང་བསྟན་པ་རྡོ་རྗེ་ཡང་སྲིད་གྲོས་ཨུ་ཡོན་དུ་གྱུར་ཏེ་ནུས་ཤུགས་ཚང་མ་འགན་སྒྲུབ་ཐོག་བཞག་ཡོད། དེ་གོང་ཁོང་གིས་བྲག་གཡབ་རྫོང་རང་གྲུབ་ཤང་སློབ་ཆུང་གཉིས་པར་དགེ་རྒན་དཀོན་པ་དང་། གྲོང་ཚོ་རིམ་པའི་སྨན་དོན་མི་སྣའི་ཆེད་ལས་ཆུ་ཚད་མཐོ་རུ་གཏོང་དགོས་པ། ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་གྱི་སོ་ཕག་ཁང་པའི་གེགས་འགོག་ནུས་པ་ཞན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་གྲོས་གཞི་བཏོན་ཏེ་ཕ་ཡུལ་གྱི་དམངས་འཚོའི་གནད་དོན་ལེགས་སུ་གཏོང་བར་སྐུལ་འདེད་བཏང་ཡོད།
བཟོ་བོའི་ལག་རྩལ་རྒྱུན་འཛིན་བྱེད་པ་ནས་གྲོང་པ་ཁྱིམ་མཚེས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་འགྱུར་ལམ་བུར་བསྐྱོད་པའི་བར་དང་དེ་ནས་སེམས་པ་དམངས་འཚོར་བཅངས་ནས་རང་འགན་གཙང་སྒྲུབ་བྱེད་པའི་བར་བསྟན་པ་རྡོ་རྗེས་ཚེ་སྟོད་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་གི་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཡོད་ལ། སྲིད་གྲོས་ཨུ་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡང་མཚོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།