སྲིད་དོན་ལས་རྗེས་ལྟ་བ་ལག་བསྟར་གྱི“བོད་ཀྱི་རྒྱུགས་ལན”
ད་ལོའི་དཔྱིད་གསར་དུས་ཆེན་གྱི་རྗེས་སུ་ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་གནང་ཡོད།
ཆ་སྙོམས་ས་བབ་སྨི་4000ཡོད་པའི“འཛམ་གླིང་ཡང་རྩེར”ལས་དོན་སྒྲུབ་པ་དང་བྱ་གཞག་གཏོད་པར་མཐོ་གྲང་གསོ་རླུང་དཀོན་པ་དང་། མཐའ་མཚམས་ལམ་ཐིག་རིང་བ། སྐྱེ་ཁམས་ཉམས་ཞན་ཡིན་པ། འཐབ་རྩོད་རྙོག་འཛིང་ཆེ་བ་བཅས་ཀྱི་དོན་དངོས་ནས་འགོ་འཛུགས་དགོས་ཀྱི་ཡོད། དེས་ན“སྲིད་དོན་ལས་རྗེས་སུའི་ཆེད་དུ་འཇོག་དགོས་པ་དང་། སྲིད་དོན་ལས་རྗེས་ཇི་འདྲ་ཞིག་འཛུགས་དགོས་པ། གང་ལ་བརྟེན་ནས་སྲིད་དོན་ལས་རྗེས་གཏོད་དགོས་པ”བཅས་ཀྱི་དྲི་བར་ལན་ཇི་ལྟར་འདེབས་དགོས་སམ།
“ཕར་ཆིན་རྒྱག་པའི”ཁྲོད་ཀྱི“གནས་བབ་ཆེན་པོ”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་སྐྱོང་བོད་བརྟན་བོད་དར་བཅས་ཡོང་བ་བྱེད་པར་དང་ཐོག་བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ་བཅས་རྒྱུན་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་ཡོད། བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་འགན་ཨང་དང་པོ་དེ་རེད།
དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གང་ཞིག་གནང་བ་དང་ནན་བཤད་གང་ཞིག་གནང་བར་དོ་ཁུར་དང་གང་ཞིག་ནི་ཏང་དང་རྒྱལ་ཁབ་ཀྱི་ཁེ་ཕན་གལ་ཆེ་ཤོས་དང་གང་ཞིག་ནི་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་དགོས་པའི་ལངས་ཕྱོགས་ཡིན་པར་གོ་བ་གཏིང་ཟབ་བླངས་ཚེ། གཞི་ནས་སྲིད་དོན་སྐྱོང་བའི་ཚད་འཛིན་ས་གནད་ལ་འཁེལ་པོས་རྙེད་ཐུབ།
རྔ་ཆེན་ཁྲོམ་གཞུང་ནི་མི་འབོར་གཅིག་སྡུད་ཆེ་བ་དང་བཅོས་སྐྱོང་བྱེད་སའི་གནས་སྣ་ཚོགས་ཡོད། ཇི་ལྟར་བྱས་ཏེ་འགལ་བ་གཞི་རིམ་དུ་སེལ་བ་དང་། མངོན་མེད་རྐྱེན་ངན་ཐོན་མ་ཐག་ནས་སེལ་བ། མང་ཚོགས་ཀྱི་གམ་དུ་བསྐྱོད་ནས་ཞབས་འདེགས་ཞུ་བ་བཅས་བྱེད་དགོས་སམ།
ཆེ་ས་ནས་དམིགས་དགོས་ལ་ཆུང་ས་ནས་འགོ་ཡང་འཛུགས་དགོས་པས། ཕྱི་ཚུལ་ཙམ་གྱིས་འགྲིག་ཐབས་གཏན་ནས་མེད་པར་ངེས་པར་དུ་འབད་བརྩོན་ལྷོད་མེད་བྱེད་དགོས།
པ་སངས་དོན་གྲུབ་ཀྱི་ནང་མི་ཚང་མ་ཆོས་ར་གླིང་སྡེ་ཁུལ་དུ་སྤོས་པ་ནས་བཟུང་། སྔོན་ཆད་དཀའ་ངལ་དུ་མ་འཕྲད་པའི་ཁྱིམ་ཚང་དེར་སླར་ཡང་རེ་བས་ཁེངས། དྲ་མིག་ལས་དོན་པས་རྒྱུན་དུ་དུད་ཚང་ལ་གྲལ་བཤེར་བྱེད་པར་སྐྱོད་སྐབས་ཁྱིམ་ཚང་དེར་དཀའ་ངལ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་བ་སྟེ། ཁྱོ་གར་ནད་གཞི་ལྕི་པོ་ཕོག་ནས་འགྲོ་སོང་ཆེ་བའི་ཁར་ནང་མི་བདུན་གྱི་འཚོ་བའི་ཁུར་པོ་ཚང་མ་བཟའ་ཟླ་དོན་གྲུབ་ཆོས་འཛོམས་ཀྱི་ཕྲག་ཏུ་བབས་ཡོད།
སྡེ་ཁུལ་གྱིས་འཕྲལ་མར་ཁྲོམ་གཞུང་དོན་གཅོད་ཁང་ལ་སྙན་སེང་ཞུས་པ་དང་། ཁྲོམ་གཞུང་དོན་གཅོད་ཁང་གིས་དམངས་སྲིད་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་ལ་སྙན་སེང་ཞུས་ཏེ་རོགས་སྐྱོར་སྲིད་ཇུས་གནད་སྨིན་སྦྲེལ་མཐུད་བྱས་པ་དང་འབྲེལ། ཆེད་དོན་རོགས་སྐྱོབ་དངུལ་ཡང་རེ་ཞུ་བྱེད་ཐུབ་ཡོད། དེས་མ་ཚད་ད་དུང་སྡེ་ཁུལ་གྱི་ཐོན་ཁུངས་ལ་བརྟེན་ནས་ཁོ་མོའི་ཁྱོ་ག་ཉེ་འཁོར་ཁུལ་ཆུང་གི་རླངས་འཁོར་འཇོག་སར་ལས་བགོས་བརྒྱབ་པ་དང་དོན་གྲུབ་ཆོས་འཛོམས་སྡེ་ཁུལ་གྱི“སྐལ་བཟང་མེ་ཏོག”ལག་ཤེས་འཁེལ་འཐག་ཚོགས་པར་བཅུག་ནས་ཁྱིམ་སྡོད་ལས་ཞུགས་ཐུབ་ཡོད།
“མང་ཚོགས་དུད་ཚང་གཅིག་གི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་པ་ནི་གནས་གཅིག་གི་མངོན་མེད་ཉེན་ཁ་སེལ་རྒྱུ་དང་ཕྱོགས་གཅིག་གི་བརྟན་ལྷིང་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་རེད”ཅེས་པའི་རྔ་ཆེན་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བསྟན་འཛིན་གཡང་འཛོམས་ཀྱི་བབ་ཆགས་པའི་སྐད་ཆ་ནས་སྲིད་དོན་ལས་རྗེས་ལྟ་བར་ངོས་འཛིན་གསལ་པོ་ཐུབ་པ་མཚོན་གྱི་ཡོད།
གཞི་རིམ་གྱི་ལས་བྱེད་པས་མང་ཚོགས་ལ་ཐད་ཀར་ཁ་གཏད་པ་དང་ཞབས་འདེགས་ཞུས་ཤིང་། ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་ཁྲོམ་ལམ་དང་སྒོ་རའི་བར་གྱི་འགལ་ཟླ་དང་མངོན་མེད་རྐྱེན་ངན་སེལ་བ་དང་མི་རིགས་མི་འདྲ་བའི་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་བསྒྲིལ་ཏེ། ལས་དོན་སྒྲུབ་པ་དང་བྱ་གཞག་གཏོད་པའི་འགྲིལ་ཤུགས་ཆེན་པོ་ཆགས་པར་བྱས་པ་ནི་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་བཏོད་པ་དེ་རེད།
“ཞིམ་མངར་ཐོན་ལས”ཁྲོད་ཀྱི“ཧུར་སེམས་ཆེན་པོ”
ལུང་ཤུར་གྱི་ཐང་རྒོད་ནས་མུའུ་ཁྲི་ཟིན་པའི་རྒུན་འབྲུམ་ར་བའི་བར། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་ལོ་15འབད་བརྩོན་ལྷོད་མེད་བྱས་ནས་ཐོན་ལས་ཡག་པོ་ཞིག་བཏོད་ཡོད།
རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་གཏོང་དོན་གང་ཡིན་ནམ། སྔོ་ལྗང་ཅན་དུ་སྒྱུར་ཐུབ་ལ་འབབ་འཕར་ཡང་བྱེད་ཐུབ་པས་ཡིན། ས་བབ་མཐོ་སར་རྒུན་འབྲུམ་འདེབས་ཆོག་གམ། ཉི་འོད་འདང་ངེས་དང་། ས་རྒྱ་ཆེན་པོ། ཆུ་བོ་གཙང་མ་བཅས་ཡོད་ན་གཞི་རྩའི་ཆ་རྐྱེན་འཛོམས་ཡོད།
འོན་ཀྱང་བསམ་ཡུལ་ལས་འདས་པའི་དཀའ་ངལ་ཆེན་པོ་འཕྲད་པ་སྟེ། “ཐོག་མར་རྒུན་འབྲུམ་སྣ་ཁ་60ནང་འདྲེན་བྱས་པ་ནས་ཕྱེད་ཀ་ཙམ་སྐམ་པ་དང་སྐྱེས་པའི་སྡོང་པོར་ཡང་རྒུན་འབྲུམ་ཐར་ཐོར་ལས་བཏགས་མེད”ཅེས་དང་གནད་སྨིན་འཐུས་ཚང་གི་ས་མཐོའི་འདེབས་འཛུགས་ཀྱི་ཉམས་མྱོང་དང་། ས་གནས་དེ་གའི་གནམ་གཤིས་དང་འཚམ་པའི་སྡོང་ཕྲུག ཏན་ཏིག་ཞིབ་ཚགས་ཀྱི་བདག་སྐྱོང་ལག་རྩལ་བཅས་མེད་པས་2011ལོར་འཚོལ་ཞིབ་བྱེད་འགོ་འཛུགས་སྐབས་དཀའ་ངལ་ཆེན་པོ་འཕྲད་བྱུང་ཞེས་ཕག་གྲུ་ཨ་རག་གཞིས་ཀའི་འགན་འཁུར་བ་ཆུས་ཐེན་ཝུན་གྱིས་དྲན་གསོ་བྱེད་བཞིན་བཤད།
རྐང་འོག་གི་ས་གཞིར་གཞིས་ཚུགས་ནས་ཚོགས་པས་རྒྱུད་རིམ་ལྡན་པའི་ཚོད་ལྟ་འགག་སྒྲོལ་བྱས་ཏེ། ཚོད་འདེབས་བྱས་པའི་སྣ་ཁ་60ལྷག་ཙམ་ནང་ནས་ས་གནས་དེ་གའི་ས་ཆུ་དང་གནམ་གཤིས་དང་འཚམ་པའི་སྤུས་ལེགས་སྣ་ཁ་6བདམས་ཐོན་པ་རེད།
མཐར་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་འདེབས་འཛུགས་དུས་མཚམས་སུ་སླེབས་དུས་སླར་ཡང་གནད་དོན་ཐོན་པ་སྟེ། ས་ཞིང་འཁོར་རྒྱུག་དང་། ལག་རྩལ་ཁྱབ་གདལ། ངལ་ནུས་བཀོལ་སྤྱོད། སྤུས་རྟགས་གཉེར་སྐྱོང་སོགས་ཀྱི་གནད་དོན་རེད།
གནད་དོན་དེ་དག་གི་མདུན་དུ་ཟངས་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་བརྟག་ཞིབ་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ། ཐོན་ལས་ཀྱི་འཐབ་ས་དང་པོར་གནས་ཚུལ་ཤེས་རྟོགས་དང་ཐབས་ཤེས་བཙལ་འཚོལ་བྱེད་པར་བསྐྱོད་ཅིང་། དེ་ནས་ས་མཐོའི་ཁྱད་ལྡན་རྒུན་འབྲུམ་ཐོན་ལས་གྲོང་འབྲེལ་ཏང་ཨུད་བཙུགས་ཏེ་ནུབ་མཁར་སྡེ་ཁུལ་དང་། ལོག་གྲོང་ཚོ། རོང་ཤང་གི་རྩྭ་པ་གྲོང་ཚོ་དང་བྱི་ལུང་གྲོང་ཚོ་བཅས་གཅིག་ཏུ་འབྲེལ་ནས་གཅིག་གྱུར་མཐུན་སྦྱོར་དང་། རྒྱུ་རྐྱེན་གསབ་རེས། མཉམ་ལས་འཕེལ་རྒྱས་བཅས་བྱས་པ་རེད།
ད་ཆ་ཟངས་རི་རྫོང་དུ་རྒུན་འབྲུམ་འདེབས་འཛུགས་དང་། རྒུན་འབྲུམ་འཐུ་བསྡུ། རྒུན་འབྲུམ་ལས་སྣོན་ཐོན་སྐྱེད། ཡུལ་སྐོར་ལྟ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཞིང་ལས“ཞིམ་མངར་ཐོན་ལས་འཁོར་འབྲེལ”ཞིག་གྲུབ་ཡོད། 2025ལོའི་བར་ཟངས་རི་རྫོང་གི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིའི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་1ཙམ་ཟིན་པ་དང་། འབྲས་འདོགས་རྒྱ་ཁྱོན་མུའུ་6300ལྷག་ཙམ་ཟིན་པ། རིམ་རྩིས་བརྒྱབ་ན་རྒུན་འབྲུམ་ཏུན་3000ལྷག་ཙམ་ཐོན་སྐྱེད་ཐུབ་པར་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་4.6ཟིན་གྱི་ཡོད།
“ལྗང་མདོག་ངོ་མཚར”ཁྲོད་ཀྱི“བསམ་ཕྱོགས་མཐོ་པོ”
བོད་ཀྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་དང་འགན་འཁྲི་ཆེ་ཤོས་སྐྱེ་ཁམས་སུ་ཡོད་པ་མ་ཟད། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་སུ་ཡོད། གངས་ལྗོངས་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་བཅས་ལ་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ་ནི་བོད་ཀྱི་ལས་བྱེད་པས་སྲིད་དོན་ལས་རྗེས་དོན་གཉེར་བྱེད་པའི་མཐའ་ཚད་རེད་ལ་དམིགས་ཚད་མཐོ་པོ་ཞིག་ཀྱང་རེད།
2021ལོར་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པའི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་ངོས་འཛིན་དེ་འདྲར་གཞིགས་པའི་ཚན་རིག་དང་མཐུན་པའི་ཐབས་ཇུས་ཤིག་རེད། དེ་ནི་ཕུགས་ཀྱི་ཇུས་གཞི་དང་སྤྱི་ཡོངས་ཇུས་འགོད་ཀྱི་འཐབ་ཇུས་ཀྱི་བྱ་སྤྱོད་ཅིག་རེད། དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་མིན་དེ་ཏང་ཡོན་ལས་བྱེད་པའི་སྲིད་དོན་ལས་རྗེས་ལྟ་བར་ཚོད་བགམ་བྱས་པ་ཞིག་རེད།
སྲིད་དོན་ལས་རྗེས་ལྟ་བ་ནི་ཕུགས་དང་མིག་སྔ་དང་སྤྱི་ཡོངས་དང་ཆ་ཤས་ཀྱི་གདམ་ག་རེད།
རི་གཞིར་རྡོ་ཧྲུག་ལྡན་ཚད་60%ནས་70%བར་ཟིན་པ་དང་། ལོར་ཆར་ཆུ་འབབ་ཚད་ཧའོ་སྨི་400ཙམ་ལས་ཟིན་གྱི་མེད་ནའང་ལོར་རླངས་པར་འགྱུར་ཚད་ཧའོ་སྨི་2000ལྷག་ཙམ་ཟིན་པའི་གནས་དེ་འདྲ་ཞིག་ཏུ་ཤིང་འཛུགས་པ་ནི་དུས་ཡུན་ཧ་ཅང་རིང་པོ་འགོར་བའི་ས་མཐོའི་སྐྱེ་ཁམས་ཀྱི་འགག་སྒྲོལ་དམག་འཐབ་ཅིག་ཡིན་པ་ཏན་ཏན་རེད། ལོ་མང་སྔ་སྣུར་དུ་ཚོད་ལྟ་བྱས་པ་དང་འབྲེལ། 2021ལོར་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། “ལོ་ལྔར་རི་ཀླུང་ལ་ཤིང་སྣ་འདེབས་ཤུགས་ཆེ་རུ་གཏོང་རྒྱུ་དང་ལོ་བཅུར་ལྷ་སར་ཤིང་སྣ་འཛོམས་པའི”ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་བ་དང་དེ་བཞིན་རིམ་བཞིན་ཁྱབ་གདལ་བཏང་ཡོད། ཉེ་དུས་ཀྱི་དམིགས་ཚད་དང་ཕུགས་ཀྱི་དམིགས་ཚད་ཟུང་འབྲེལ་བྱེད་པར་ཀྲུང་གོ་གུང་ཁྲན་ཏང་མིར་ལོ་རྒྱུས་ཐོག་གི་ངང་རྒྱུད་རིང་པོ་བྱེད་ཚུལ་ཡོད་ལ། ལོ་རྒྱུས་ཐོག་གི་རང་འགུལ་ཡང་ལྡན་པས། གོམ་པ་རེ་རེ་བཞིན་འཛེགས་ཏེ་དམིགས་ཚད་མངོན་འགྱུར་མ་ཐུབ་བར་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡོད།
ཏང་རྩ་འཛུགས་ཀྱིས་དམག་འཐབ་མཁར་རྫོང་འགག་སྒྲོལ་གྱི་འཐབ་ས་མདུན་མར་བསྐྲུན་ཏེ། ཏང་ཡོན་གྱིས་ཡུག་བགོས་འགན་གཙང་བླངས་པ་དང་རྒྱུན་དུ་རིར་བསྡད་པ་དང་། ལག་རྩལ་པས་ཚོད་འདེབས་སྣ་ཁ་བཅུ་གྲངས་ཡང་ཡང་བྱས་པ། ཚོད་ལྟ་གྲངས་ལས་འདས་པ་བྱས་པ་བརྒྱུད་རྒྱལ་རྩེའི་གླ་ཚེར་དང་། ཐང་ཤིང་། རི་ཁམ་སོགས་གྲང་འགོག་ཐན་འགོག་གི་ཤིང་སྣའི་རྩ་བ་གཞི་ནས་ཚུགས་པ་དང་། ཆེད་བསྐོས་བདག་སྐྱོང་པ་6000ལྷག་ཙམ་གྱིས་རྒྱུན་དུ་ཆུ་རྒྱག་པ་དང་། ལུད་རྒྱག་པ། ནད་འབུའི་གནོད་འཚེ་འགོག་བཅོས་བྱེད་པ། མེ་ཟོན་བྱེད་པ་སོགས་ཀྱི་བདག་སྐྱོང་ལས་དོན་སྤེལ་ཡོད།
ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དབྱིན་ཧྥེ་ཧྥུང་གིས་ཉིན་མོར་རི་འཛེགས་ནས་བརྟག་དཔྱད་དང་མཚན་མོར་ལག་རྩལ་ལ་ཞིབ་འཇུག་ཧུར་ཐག་བྱས་པ་བརྒྱུད་ས་གནས་དེ་གའི་ཤིང་སྣ་འདེབས་འཛུགས་ཀྱི“ཡུལ་ལུགས་མཁས་པར”གྱུར་ཡོད། ཁོང་གིས “ང་ཚོས་ཤིང་འཛུགས་ནགས་བཟོ་བྱེད་སྐབས་དུས་ཐུང་ཡུལ་ལྗོངས་མཛེས་བཟོ་དང་ཕྱི་ཚུལ་གྱི་སྲིད་དོན་ལས་རྗེས་གཏོད་རྒྱུ་དོན་གཉེར་བྱེད་ཀྱི་མེད། སྡོང་ཕྲུག་གསོན་ཐུབ་པ་དང་། རི་རྒོད་ཡུན་རིང་སྔོ་ལྗང་ཅན་དུ་འགྱུར་བ། མང་ཚོགས་ལ་ཕན་པ་དངོས་ཐོབ་པ་བཅས་བྱུང་ན་དངོས་དངོས་རྗེན་རྗེན་གྱི་སྲིད་དོན་ལས་རྗེས་རེད”ཅེས་བཤད།
“མཐའ་མཚམས་ཀྱི་འོད་སྣང”ཁྲོད་ཀྱི“ཕུགས་ཕན་རྩིས་ཁྲ”
མ་དངུལ་སྒོར་ཁྲི་200ལྷག་ཙམ་བཏང་ནས་དུད་ཚང་དགུ་ལ་གློག་ཁང་གཅིག་བསྐྲུན་རིན་ཡོད་དམ།
དཔལ་འབྱོར་ངོས་ནས་རྩིས་བརྒྱབ་ན་བསྐྲུན་རིན་མེད། འོན་ཀྱང་ཀྲུང་གོ་གུང་ཁྲན་ཏང་གི་རིན་ཐང་དོན་གཉེར་ངོས་ནས་བརྗོད་ན་དོན་སྙིང་ལྡན་པ་ཞིག་རེད།
ས་བབ་སྨི་3869ཡོད་པའི་ལུགས་པ་གྲོང་ཚོ་དེ་ཉིད་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་མཐའ་མཚམས་ཀྱི་གྲོག་རོང་ཞིག་ཏུ་ཆགས་ཤིང་། གྲོང་ཚོ་ཡོངས་ཀྱི་མིས་མི་རབས་ནས་མི་རབས་བར་མཐའ་མཚམས་སྲུང་བ་དང་ད་ཆ་དེ་གར་དུད་ཚང་9དང་མི་གྲངས་35ཡོད།
དུས་ཡུན་རིང་པོའི་ནང་ཡུལ་མི་ཚོས་འོད་ཤུགས་སྒྲིག་ཆས་ཆུང་གྲས་ཁོ་ནར་བརྟེན་ནས་གཞི་རྩའི་གློག་སྒྲོན་དང་འཕྲིན་གཏོང་གློག་གསོག་གི་དགོས་མཁོ་སྐོང་ཐུབ་ཙམ་ལས་མེད།
གློག་བརྟན་པོ་ཞིག་སྤྱོད་རྒྱུ་ཡོང་བ་ནི་ཡུལ་མིའི་སེམས་གཏིང་གི་རེ་བ་རེད།
རྩྭ་མདའ་རྫོང་གིས་བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་དང་འབྲེལ་གཏུག་གྲོས་མོལ་ཐེངས་མང་བྱས་མཐར། འོད་གསོག་གློག་དྲ་ཆུང་གྲས་ཀྱི་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ཀྱི་ཉིན་མཚན་ཀུན་གྱི་གློག་གི་དགོས་མཁོ་སྐོང་རྒྱུའི་གྲོས་མཐུན་བྱུང་ཡོད།
རྩྭ་མདའ་རྫོང་གི་ལས་བྱེད་པས“རྒྱལ་ཁབ་ཀྱི་ས་ཁོངས་གང་དུ་ཡོད་ཀྱང་དེ་གར་གློག་འཁྲིད་པ་དང་ཞབས་འདེགས་ཞུ་གི་ཡིན”ཞེས་བཤད།
སྲིད་དོན་ལས་རྗེས་ཀྱི་གཞི་རྩ་དེ་དམངས་ལ་ཡོད། དོན་ཆུང་རེད་སྙམས་ནས་སྣང་མེད་དུ་གཏོང་མི་རུང་ལ། རི་མཐོ་གཡང་གཟར་རེད་སྙམས་ནས་ཕྱིར་བཤོལ་དེ་བས་བྱེད་མི་རུང་།
འོན་ཀྱང་གློག་མཐའ་མཚམས་ཀྱི་གྲོག་རོང་དུ་འཁྲིད་རྒྱུ་ནི་ལས་སླ་པོ་ཞིག་ཡོད་ག་ལ་སྲིད། 2023ལོའི་ཟླ་12པར་འཛུགས་སྐྲུན་ལས་འགན་འབྱོར་སྐབས་མངའ་རིས་ས་མཐོར་གངས་བབས་ནས་རི་རྒྱ་བསྡམས་པས་དངོས་ཟོག་སྐྱེལ་འདྲེན་བྱེད་ཐབས་བྲལ་ལ་མི་སྣ་སྒྲིག་འཛུགས་ཀྱང་བྱེད་དཀའ།
ཤང་གི་ལས་བྱེད་པ་དང་འཛུགས་སྐྲུན་ཚོགས་པས“ཇུས་འགོད་བྱེད་ཀྱིན་སྒྲིག་འཛུགས་དང་ཉོ་སྒྲུབ་བྱེད་ཀྱིན་ཨར་ལས་བྱེད་པའི”བྱེད་ཐབས་སྤྱད་དེ་ལས་ཡུན་ལ་དམ་འཛིན་བྱས་ཤིང་། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་ཉི་ཤུ་ལྷག་ཙམ་ཟིན་པའི་གྲང་ངར་ལ་མ་འཛེམས་པར་གངས་རི་དང་གྲོག་རོང་ཁྲོད་དུ་སྒྲིག་ཆས་དབོར་འདྲེན་དང་ལམ་བཟོས་ཤིང་། དུས་ཐུང་ཟླ་བ་གཅིག་ལྷག་ཙམ་ནང་ཨར་ལས་སྒྲིག་སྦྱོར་དང་སྙོམས་སྒྲིག་ཚོད་ལྟ་ལེགས་གྲུབ་བྱུང་བ་རེད།
2024ལོའི་ཟླ་2པར། བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ་དུད་ཚང་ཁག་ལ་གློག་དངོས་སུ་ཁྲིད་ཐུབ་པ་བྱུང་བ་རེད།
དེ་སྔ་ས་རུབ་སྐབས་ལམ་སེང་ཉལ་ནས་སྡོད་པ་ལས་ལས་ཀ་གཞན་དག་བྱེད་ཐབས་བྲལ་བའི་གྲོང་ཚོ་ཆུང་ངུ་དེར་ད་ཆ་གློག་ཡོད་པས་ཞིང་ཞོར་ཐོན་རྫས་ལས་སྣོན་ཐུབ་པ་མ་ཟད། དེང་རབས་ཅན་གྱི་འཚོ་བའང་སྐྱེལ་རྒྱུ་བྱུང་བས་འབབ་འཕར་གྱི་ཐབས་ལམ་ཡངས་སུ་ཕྱིན་ཡོད།
རྩིས་ཁྲ་དེའི་ནང“དམངས་སེམས་ཀྱི་རྩིས”ཡོད་ཅིང་། “གློག་སྤྱོད་རྒྱུ་བྱུང་བ”ནས“གློག་ཡག་པོ་སྤྱོད་རྒྱུ་བྱུང་བའི”བར་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་དང་། རྩིས་པ་ནི“ཆབ་སྲིད་ཀྱི་རྩིས”ཡིན་ཞིང་། མཐའ་མཚམས་ལམ་ཐིག་ཏུ་ཡོད་པའི་གློག་སྒྲོན་ཚང་མ་ནི་རྒྱལ་ཁབ་ཀྱི་བདག་དབང་གྲགས་མེད་སུ་གསལ་སྟོན་བྱས་པ་ཡིན་པ། རྩིས་པ་ནི“ཕུགས་ཀྱི་རྩིས”ཡིན་ཞིང་། གློག་ཤུགས་བརྟན་པོར་བརྟེན་ནས་མཐའ་དར་དམངས་ཕྱུག་དང་མཐའ་སྲུང་མཐའ་བརྟན་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་བཅས་རེད།
དོན་དངོས་ནས་འགོ་ཚུགས་རྒྱུ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་མི་དམངས་ཀྱི་ཆེད་དུ་རང་འགུལ་ངང་སྲིད་དོན་ལས་རྗེས་འཇོག་པ་དང་ལག་ལེན་དངོས་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཐོན་པ་བྱས་ཚེ། ང་ཚོས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་མི་རིགས་ཁག་གི་མང་ཚོགས་བདེ་སྐྱིད་ཁམས་བཟང་ཡོང་བའི་རྒྱུགས་ལན་གསར་པ་ཅིག་རྒྱུན་ཆད་མེད་པར་འབུལ་ཐུབ།
འབྲེལ་ཡོད་གསར་འགྱུར།