ཕྱོགས་ཁག་གི་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ལ་སྐུལ་འདེད་གཏོང་བ།
ཉེ་ཆར་ཀྲུའུ་ཞི་ཞི་ཅིན་ཕིང་2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་ཁེར་གྷི་སི་ཐན་དང་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་ཨེ་ཤེ་ཡ་དབུས་མ་དང་འཛམ་གླིང་དབུས་ཤར་རྒྱུད་དུ་ཕེབས་པར་གྲུབ་འབྲས་ཕུན་སུམ་ཚོགས་པོ་བྱུང་ཡོད། ཉིན་ཤས་བསྟུད་མར་ཁེར་གྷི་སི་ཐན་དང་ཨེ་ཅིབ་རྒྱལ་ཁབ་སྨྱན་སྦྱོར་གྱིས་ད་ཐེངས་ཀྱི་འཚམས་འདྲིའི་གྲུབ་འབྲས་རྒྱུན་མཐུད་གཏོང་སྤེལ་བྱས་ཤིང་། ད་ཐེངས་ཀྱི་འཚམས་འདྲིས་ཕྱོགས་ཁག་གི་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་ངོས་འཛིན་བྱས་པ་རེད།
ཁེར་གྷི་སི་ཐན་གྱི་ཨ་ཅི་གསར་འགྱུར་ཁང་གི་དྲ་ཚིགས་སུ་སྤེལ་བའི་རྩོམ་ཡིག་ཏུ་འཁོད་དོན། ལོ་25ཡི་རིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད། “ཧྲང་ཧའེ་ཡི་སྙིང་སྟོབས”ཀྱིས་ཆབ་སྲིད་ཀྱི་ལམ་ལུགས་དང་། འཕེལ་རྒྱས་ཀྱི་ཆུ་ཚད། རིག་གནས་སྲོལ་རྒྱུན་བཅས་ཀྱི་ཐད་ཁྱད་པར་ཡོད་པའི་རྒྱལ་ཁབ་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ཡོད། མིག་སྔར་རྒྱལ་སྤྱིའི་དུས་བབ་ཟང་ཟིང་ཆེ་བ་དང་གདོང་ཐུག་ཚབས་ཆེ་རུ་དང་རྒྱ་ཆེ་རུ་འགྲོ་བའི་རྣམ་པ་ཐོན་མོད། འོན་ཀྱང་དེ་ལས་རྒྱལ་སྤྱིའི་དབར་གྱི་མཉམ་ལས་མེད་པར་གྱུར་བ་མཚོན་གྱི་མེད། དེ་ལས་ལྡོག་སྟེ་རྒྱལ་ཁབ་དབར་གྱི་འགལ་བ་ཇི་ཙམ་མང་ན་སྐད་ཆ་ཤོད་རེས་ཀྱི་ལས་སྟེགས་ལ་དེ་ཙམ་གྱིས་རིན་ཐང་ཆེ་བ་ཡོད། གོ་ལ་ཧྲིལ་པོར་ཡོ་ལང་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་རྒྱལ་སྤྱིའི་རིན་ཐང་ཇེ་ཆེར་འགྲོ་སྲིད།
ཁེར་གྷི་སི་ཐན་གྱི“ཁཱ་པར”རྒྱལ་ཁབ་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་ནས་ངོས་འཛིན་བྱས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་དེས་ཁེར་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ཁ་ཕྱོགས་གསལ་པོ་སྟོན་ཡོད། ཁེར་ཀྲུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་མཇལ་འཛོམས་ཡང་ཡང་གནང་བ་དང་ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་ཀྱི་འབྲེལ་བ་བཙུགས་པ་དེས་ཕྱོགས་གཉིས་པོའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་ཡོད། ཀྲུང་གོ་ནི་ཁེར་གྷི་སི་ཐན་གྱི་ཚོང་དོན་དང་མ་འཇོག་རོགས་ཟླ་གཙོ་བོར་གྱུར་ཡོད། ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་འཛུགས་སྐྲུན་གྱིས་ཁེར་གྷི་སི་ཐན་གྱི་དཔལ་འབྱོར་བཀོད་པ་ལེགས་སུ་གཏོང་བར་གོ་སྐབས་གལ་ཆེན་བསྐྲུན་ཡོད།
ཨེ་ཅིབ་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》ཐོག་དཔྱད་གཏམ་སྤེལ་ནས་ངོས་འཛིན་བྱས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་10སོང་རྗེས་སླར་ཡང་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་བ་དེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བ་དང་སྐབས་འཁེལ་བས་དེ་ནི“ལོ་རྒྱུས་ཀྱི་ཚད་གཞི་ནས་སྔར་སོང་ཕྱིར་དྲན་བྱེད་པ་དང་འགྲོ་ལམ་གསར་པ་ནས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པ”ལྟར་ཡིན་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་ཆེད་འཆར་གཞི་གསར་པ་བཀོད་ཡོད།
ཨེ་ཅིབ་ཀྱི《གསར་འགྱུར་ཚགས་པར》ཐོག་གནས་ཚུལ་སྤེལ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཅིབ་ཏུ་འཚམས་འདྲིར་ཕེབས་པ་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་། “ཨེ་ཅིབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་པ་མ་ཟད། མཉམ་ལས་ཀྱི་ལམ་བུའང་དེ་བས་ཡངས་སུ་ཕྱིན་ཡོད་པ”འཁོད་ཡོད། གནས་ཚུལ་སྤེལ་བའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་གྲོས་འགོ་ཁག་བཞིར“ཤར་ཕྱོགས་ནས་གྲགས་པའི་ཞི་བདེའི་འབོད་སྒྲ”ཞེས་བརྗོད་ཀྱི་ཡོད། གནས་ཚུལ་སྤེལ་བའི་ནང་། འཛམ་གླིང་དབུས་ཤར་ས་ཁུལ་ནི་རྒྱལ་ཁབ་ཆེན་པོའི་དབར་གྱི་སྟོབས་ཤུགས་འགྲན་རྩོད་བྱ་ཡུལ་ཞིག་ཏུ་གྱུར་མི་རུང་། བདེ་འཇགས་ངོ་མ་ནི་རྒྱལ་ཁབ་གཅིག་དེ་བས་སྟོབས་ཆེར་འགྲོ་བ་དང་རྒྱལ་ཁབ་གཞན་ཞིག་དེ་བས་ཉམས་ཞན་དུ་འགྲོ་བ་ཞིག་མ་ཡིན་པར་དེ་ལས་ལྡོག་སྟེ་རྒྱལ་ཁབ་ཁག་གི་མི་དམངས་ཚང་མ་བདེ་སྡོད་ལས་བརྩོན་ཡོང་བ་བྱ་རྒྱུ་དེ་རེད། “རང་ཉིད་གཅིག་པུས་བདེ་འཇགས་ལོངས་སུ་སྤྱོད་མཁན་གྱི་རྒྱལ་ཁབ་གཅིག་ཀྱང་མེད་ལ་བདེ་འཇགས་ཀྱི་ཕྱི་རོལ་དུ་ཕུད་དགོས་ངེས་ཀྱི་རྒྱལ་ཁབ་གཅིག་ཀྱང་མེད”ཅེས་ནན་བཤད་བྱས་ཡོད།
ཨེ་ཅིབ་ཀྱི《ལུའུ་ཙེ་ཡིའུ་སུའུ་ཕུའུ》དུས་དེབ་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་དེས“ཨེ་ཀྲུང་འབྲེལ་བར་སྒོ་མོ་གསར་པ་ཞིག་ཕྱེ་ཡོད”ཅེས་འཁོད་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་དམིགས་བསལ་གྱི་མཚམས་ཚིགས་དེར་རྒྱལ་ཁབ་གཉིས་པོའི་གཙོ་བདག་སླར་ཡང་མཇལ་འཛོམས་གནང་བ་དེ་ནི་ལོ་ངོ་70ཡི་མཛའ་གྲོགས་ལ་ཕྱིར་མིག་བལྟས་པ་ཞིག་རེད་ལ་འབྱུང་འགྱུར་ལ་ཕྱོགས་པའི་ཐུན་མོང་གི་འཆར་འགོད་ཅིག་དེ་བས་ཀྱང་རེད། རྩོམ་ཡིག་ནང་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཤེས་དཔལ་ཆེན་པོ་གཉིས་ཀྱིས་འཛམ་གླིང་ལ་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་བྱས་པ་དང་། མིག་སྔའི་འཛམ་གླིང་ཟང་ཟིང་ཆེ་བ་དང་དུས་བབ་ཡོ་ལང་ཆེ་བའི་རྒྱབ་ལྗོངས་འོག་ཕྱོགས་གཉིས་པོས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་དེས་ཨེ་ཅིབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་མ་ཟད། ཡོ་ལང་ཁྲོད་ཀྱི་འཛམ་གླིང་དབུས་ཤར་ལའང་སྟོབས་ཤུགས་བརྟན་པོ་ཞིག་བསྣན་ཡོད།
འབྲེལ་ཡོད་གསར་འགྱུར།