དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་བཅུ་གསུམ་པ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-09-19

    ཚེས་16ཉིན། པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་བཅུ་གསུམ་པ་པེ་ཅིང་རྒྱལ་སྤྱིའི་ཚོགས་འདུ་ལྟེ་གནས་སུ་འགོ་ཚུགས་ཤིང་། རྒྱལ་སྲུང་པུའི་པུའུ་ཀྲང་ཏུང་ཅུན་གླེང་སྟེགས་ལ་ཞུགས་ནས་གཙོ་དོན་གཏམ་བཤད་སྤེལ་བ་རེད།

    ཏུང་ཅུན་གྱིས་བརྗོད་དོན། ད་ལོ་ནི་པེ་ཅིང་ཤང་ཧྲན་གླེང་སྟེགས་བཙུགས་ནས་ལོ་20འཁོར་བའི་ལོ་རེད། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་གང་མགྱོགས་འབྱུང་བཞིན་ཡོད་པ་དང་རྒྱལ་སྤྱིའི་བདེ་འཇགས་ཉམས་ཞན་གྱི་དུས་སུ་གནས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལས་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པའི་དུས་རབས་ཀྱི་རིན་ཐང་སྔར་བས་མངོན་ཡོད། ང་ཚོས་བདེ་འཇགས་ཀྱི་ལྟ་བ་གསར་པར་བརྟེན་ནས་ཐུན་མོང་གི་ངོས་འཛིན་གཅིག་མཐུན་དང་། ཕྱོགས་མང་རིང་ལུགས་ལ་བརྟེན་ནས་བརྟན་ལྷིང་ལ་སྲུང་སྐྱོང་། ལོ་རྒྱུས་ཀྱི་རིག་པ་དྭངས་གསལ་ལ་བརྟེན་ནས་ཉེན་ཁ་སྔོན་འགོག སྐད་ཆ་ཤོད་རེས་དང་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད། ཐུན་མོང་འཕེལ་རྒྱས་ལ་བརྟེན་ནས་རྨང་གཞི་བརྟན་གཏོང་། བྱ་སྤྱོད་ཀྱི་ཕྱོགས་སྟོན་ལ་བརྟེན་ནས་མཉམ་ལས་གཏིང་ཟབ་བཅས་བྱས་ཏེ། འཛམ་གླིང་ཡུན་རིང་ཞི་བདེ་དང་ཕྱོགས་ཡོངས་ནས་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས།

    ཏུང་ཅུན་གྱིས། གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་གི་འགག་རྩ་ནི་བྱ་སྤྱོད་ལ་ཐུག་པ་དང་གཞི་རྩ་ཕན་འབྲས་ལ་བལྟ་དགོས། ཀྲུང་གོའི་དམག་དཔུང་གིས་རྒྱལ་ཁབ་ཁག་གི་དམག་དཔུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་ཐུན་མོང་ཐོག་ལག་ལེན་བསྟར་བ་དང་། བདེ་འཇགས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ། ཐུན་མོང་བདེ་འཇགས་ཀྱི་རྒྱལ་སྤྱིའི་རོགས་ལས་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་བདེ་འཇགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་བདེ་འཇགས་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།

    སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“བརྟན་ལྷིང་གི་ཐུན་མོང་ངོས་འཛིན་ཆགས་པར་བྱེད། བདེ་འཇགས་བཅོས་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང”ཞེས་པ་དེ་ཡིན་པ་དང་། རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་100ལྷག་ཙམ་གྱི་གཞུང་ཕྱོགས་འཐུས་མི་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ལྟ་ཞིབ་པ་སོགས་སྐུ་མགྲོན་2000ཙམ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།