དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀོང་ཏུང་ཆིང་ཡོན་ལེན་ཀྲོའུ་གྲོང་ཁྱེར་ཐེན་ཤིན་གྲོང་ཚོས“དམར་དམག་དུས་ཆེན”གཏན་འཁེལ་བྱས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་པ།

    ཉ་ཆུའི་བརྩེ་བ་ཟབ་མོ་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཙུང་།   |     སྤེལ་དུས།  2026-09-19

    འདི་ནི་ཐེན་ཤིན་གྲོང་ཚོའི་ཟུར་ཞིག་ཡིན་པ།

    ཀོང་ཏུང་ཆིང་ཡོན་ལེན་ཀྲོའུ་གྲོང་ཁྱེར་ཡའོ་ཨན་ཡའོ་རིགས་ཤང་གི་དབུས་སུ་གནས་པའི་ཐེན་ཤིན་གྲོང་ཚོ་ནི་སྨྱུག་མའི་ཚལ་གྱིས་བརྒྱན་པའི་རི་བོའི་གསེབ་ཏུ་གནས་ཡོད།

    “དབྱར་གསེང་རིང་ཞིབ་སློབ་ཚོགས་པ་ཧ་ལམ་ཉིན་ལྟར་གྲོང་ཚོར་འོང་སྟེ། གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ནས་དམར་དམག་རྒྱང་སྐྱོད་སྐབས་ཀྱི་ཐེན་ཤིན་གྲོང་ཚོའི་གཏམ་རྒྱུད་ལ་རྒྱུས་ལོན་བྱེད་ཀྱི་ཡོད”ཅེས་ཐེན་ཤིན་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཕན་མེ་ཡན་གྱིས་བཤད།

    1934ལོའི་ཟླ་12པར། ཀྲུང་དབྱང་དམར་དམག་རྒྱང་སྐྱོད་དཔུང་སྣོན་གྱི་འགན་འཁུར་མཁན་ཀྲུང་གོ་བཟོ་ཞིང་དམར་དམག་གི་འབུམ་ཤོག་ལྔ་པའི་ཧྲི་ཤོག་སོ་བཞི་པས། ཤང་ཅང་དམར་འཛིང་ཁྲོད་གཙོ་ཤུགས་དམག་ལ་འབྲི་ཆུ་བརྒལ་བར་འགེབས་སྲུང་བྱེད་པའི་ལས་འགན་བསྒྲུབས་རྗེས། སྟོབས་ཤུགས་ཆེ་བའི་དགྲ་བོས་མདུན་ནས་བཀག་པས་ཤི་རྨས་ཚབས་ཆེན་བྱུང་ཡོད། ཧྲི་དཔོན་ཁྲེན་ཧྲུའུ་ཤང་རྨས་ནས་གསོན་བཟུང་བྱས་རྗེས་རང་དམག་གི་གསང་བ་ཕྱིར་མི་གྱར་བའི་ཆེད་རང་སྲོག་དོར་ཞིང་། དེ་དུས་ཁོང་ལོ་29ལ་སླེབས་ཙམ་རེད། དམར་དམག་ཧྲི་ཤོག་སོ་བཞི་པའི་ལྷག་འཕྲོས་དཔུང་སྡེས་དཀའ་ངལ་མཐའ་དག་ཁྱད་དུ་བསད་ནས་ཀོང་ཏུང་བྱང་རྒྱུད་ཀྱི་ལེན་ཀྲོའུ་ཡའོ་རིགས་རི་ཁུལ་དུ་བསྐྱོད། 1935ལོའི་ཟླ་དང་པོའི་ཚེས་ཤར་ལ། འཐབ་འཛིང་པ་90ལྷག་ཙམ་ཐེན་ཤིན་གྲོང་ཚོའི་ཆན་ཉིའུ་ལིང་དུ་ཕྱིར་བཤོལ་བྱས་ནས་དེ་གར་སྒར་བརྒྱབ། གངས་མ་ཆར་བབས་པའི་གྲང་ངད་ཀྱི་དགུན་དཀྱིལ་དུ། རང་དམག་ལས་ལྡབ་འགྱུར་གྱིས་མང་བའི་དགྲ་བོས་རྗེས་དེད་བཏང་ནས་རང་དམག་ལ་འཇབ་རྒོལ་བྱས། དམར་དམག་གིས་ས་བབ་ཀྱི་ལེགས་ཆར་བརྟེན་ནས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་ཤིང་། སྔ་དྲོ་ནས་ས་སྲོད་བར་འཐབ་འཛིང་པ་6གིས་དཔའ་ངར་ལྡན་པའི་ངང་རང་སྲོག་བློས་བཏང་སྟེ་དགྲ་དམག་10ལྷག་ཙམ་རྐྱེན་ལམ་དུ་བཏང་།

    རྫས་མེའི་དུ་ཞག་སངས་རྗེས། རང་སྲོག་སྐྱེས་སུ་ཕུལ་བའི་འཐབ་འཛིང་པ་རྣམས་ཆན་ཉིའུ་ལིང་རི་ལྡེབས་སུ་པུར་འཇུག་བྱས། 2017ལོར་ཐེན་ཤིན་གྲོང་ཚོའི་ཡུལ་མིའི་ཚོགས་ཆུང་གི་ཙུའུ་ཀྲང་ལི་ལིའུ་དབང་གིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་མིང་མེད་སྔོན་གཤེགས་དཔའ་བོའི་བང་སོ་དེར་ཉམས་གསོ་བྱས་ཤིང་། ས་རྡོ་སྒལ་པར་ཁུར་ནས་རི་ལ་འཛེག་སའི་རྡོ་སྐས་བཟོས་པ་དང་ཆབས་ཅིག་དུར་བྱང་ཡང་བཙུགས། “ང་ཚོས་སྔོན་གཤེགས་དཔའ་བོ་ཚོར་དུར་བྱང་འཛུགས་དོན་ནི་ཕྲུ་གུ་ཚོས་ལོ་རྒྱུས་དེ་བློ་ལ་ངེས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱ་ཆེད་ཡིན”ཞེས་ལི་ལིའུ་དབང་གིས་བཤད།ལོ་དེ་ནས་བཟུང་ཡུལ་མི་ཚོས་ལོ་ལྟར་གྱི་ལུགས་རྙིང་ལོའི་ཟླ་ལྔ་པའི་ཚེས་དགུ་ཉིན་དེ“དམར་དམག་དུས་ཆེན”ལ་གཏན་འཁེལ་བྱས།

    “‘དམར་དམག་དུས་ཆེན’ནི་ང་ཚོའི་གྲོང་ཚོའི་ལོ་གཅིག་གི་དོན་ཆེན་ཞིག་རེད”ཅེས་ལི་ལིའུ་དབང་གིས་བཤད་པ་དང་། ཁོང་གིས། དུས་ཆེན་དེ་འཆར་རིམ་བཞིན་དེ་ཉིན་གྱི་སྔ་དྲོའི་ཆུ་ཚོད་8པར་གྲོང་ཚོའི་མདོ་ནས་འཁར་རྔའི་སྒྲ་གྲགས་ཤིང་། སེང་རྩེད་རུ་ཁག་གྲོང་ཚོའི་གསེང་ནས་སྐྱོད་ཀྱི་ཡོད་པས་ཡུལ་མི་ཚང་མ་ཕྱིར་དོན་འོང་ཞིང་། གྲོང་ཚོ་ཡོངས་ཀྱི་ཕོ་མོ་རྒན་གཞོན་ཚང་མས་མཆོད་རྫས་ཁྱེར་ནས་དམར་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་ཕྱོགས་སུ་སྐྱོད་ཀྱི་ཡོད་ཅེས་བཤད།

    དམར་དམག་གི་བང་སོའི་མདུན་དུ་ཡུལ་མི་ཚོས་མེ་ཏོག་ཕུལ་ཏེ་གུས་འདུད་ཞུས་པ་དང་། ཏང་ཡོན་ཚོས་དུར་བྱང་གི་མདུན་དུ་གྲལ་བསྒྲིགས་ནས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས། ལོ་ཆུང་གདོང་ལེན་རུ་མིས་གྲལ་སྟར་འགྲིག་པོས་ཀྲོང་ངེར་ལངས་ནས་གུས་འདུད་ཞུས། མཛད་སྒོ་མཇུག་འགྲིལ་རྗེས་ཡུལ་མི་ཚོ་མཉམ་དུ་རུབ་སྟེ་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་། རྒན་རབས་ཚོས་སྐབས་དེ་དུས་ཀྱི་དམར་དམག་གི་གཏམ་རྒྱུད་གཞོན་སྐྱེས་ཚོར་ཤོད་ཀྱི་ཡོད།

    རྒྱང་སྐྱོད་ཀྱི་སྔ་རྗེས་སུ་དམར་དམག་དཔུང་སྡེ་6གིས་ལེན་ཀྲོའུ་རུ་འཐབ་འཛིང་བྱས་ཤུལ་བཞག་ཅིང་། ས་གནས་དེ་གའི་མི་དམངས་ཀྱིས་སྲོག་ཉེན་ལ་མ་འཛེམས་པར་དམར་དམག་ལ་སྣེ་ཤན་པ་བྱེད་པ་དང་། གསང་འཕྲིན་སྐྱེལ་བ། རྨས་མ་སྐྱོབ་བཅོས་བཅས་བྱས་ཏེ་དམག་དམངས་བློ་སེམས་གཅིག་མཐུན་དང་ཤི་གསོན་མཉམ་གནས་ཀྱི་མི་སེམས་འགུལ་བའི་ལེའུ་བརྩམས་ཡོད།

    ཡུལ་མི་ལི་ཀྲི་པེའོ་ནི་སྐབས་དེ་དུས་དམར་དམག་གི་སྣེ་ཤན་པ་ལི་ཆི་ཚའེ་ཡི་ཚ་བོ་ཡིན་ཞིང་། ཁོང་གིས་ཆུང་དུས་ནས་སྤོ་བོའི་ས་ནས་དམར་དམག་གི་གཏམ་རྒྱུད་ཐོས་མྱོང་ཡོད། ལོ་དེར་དམར་དམག་ཧྲི་ཤོག་སོ་བཞི་པའི་མྱུལ་ཞིབ་དམག་མི་གཉིས་ས་དབྱིབས་ལ་རྒྱུས་མངའ་མེད་པའི་རྐྱེན་གྱིས་ས་གནས་དྲག་ཆས་དམག་དཔུང་གིས་བཀག་ཉར་བྱས། ལི་ཆི་ཚའེ་ཡིས་རང་འགུལ་ངང་དམར་དམག་ལ་འཕྲིན་ཡིག་སྐྱེལ་རོགས་བྱས་ཏེ་དམག་མི་གཉིས་པོ་སྐྱོབ་ཐབས་བྱས། ཐེངས་ཤིག་ཇག་པ་གྲོང་ཚོར་འཕྲོག་བཅོམ་བྱེད་པར་ཡོང་བས། དམར་དམག་གིས་ཇག་པ་རྣམས་ཐེངས་གཅིག་རང་ལ་ཕམ་ཉེས་བཏང་། དེ་རྗེས་ལི་ཆི་ཚའེ་ཡིས་ས་སྣུམ་ཟོམ་གཉིས་ཁྱེར་ནས་དམར་དམག་ལ་སྐྱེལ་བར་ཕྱིན་རུང་ཁོང་ཚོས་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་ལས་ས་སྣུམ་མ་བླངས། “དམར་དམག་ལས་ཡག་པའི་མི་སུ་ཞིག་ཡོད”ཅེས་པའི་སྐད་ཆ་དེ་ལི་ཚང་མི་རབས་གསུམ་གྱིས་སྔར་ནས་ད་བར་སེམས་ལ་བརྟན་པོར་ངེས་ཡོད།

    “ང་ཚོའི་གྲོང་ཚོ་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་གྲས་སུ་བཅུག་ནས་སྔོན་གཤེགས་དཔའ་བོའི་བང་སོའི་རི་ལམ་དང་དྲན་གསོའི་ཐང་ཆེན་སོགས་གསར་བརྗེའི་མཛེས་ལྗོངས་ཁུལ་11བསྐྲུན་པ་དང་། ཐེན་ཤིན་རྟེན་མཛོད་ཁང་ཆུང་གྲས་དང་པིན་ཧྲུའེ་གསར་བརྗེའི་ས་ཚིགས་སོགས་ཀྱང་སྔ་རྗེས་སུ་བསྐྲུན་ཡོད”ཅེས་ཕན་མེ་ཡན་གྱིས་བཤད་པ་དང་། ཁོང་གིས། རང་སྲོག་བློས་གཏོང་གིས་ལེགས་སྐྱེས་འབུལ་མཁན་སྔོན་བྱོན་པ་ཚོའི་མཛད་རྗེས་རླབས་པོ་ཆེ་སེམས་ལ་བརྟན་པོར་ངེས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།