དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “དམངས་ཕན་ས་ཚིགས”ནས“སེམས་སྐྱིད་དགའ་ཚལ”བར།

    —— ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་གྱི་ངལ་རྩོལ་པའི་ས་ཚིགས་སུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-19

    གསར་འགོད་པ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་གྱི་ངལ་རྩོལ་པའི་ས་ཚིགས་སུ་སྐྱོད་སྐབས། ས་ཚིགས་ཀྱི་བྱེད་ནུས་ཁུལ་དབྱེ་ཁ་གསལ་བ་དང་། སྒྲིག་བཀོད་འཐུས་སྒོ་ཚང་བ། ཞབས་ཞུ་སེམས་རྩ་འཁོལ་བ་བཅས་ཡོད་པ་མཐོང་བྱུང་། 2025ལོའི་ཟླ་7ཚེས་1ཉིན་དངོས་སུ་སྤྱོད་འགོ་ཚུགས་ཚུན། རྫོང་ཨུད“གསར་གཉིས”ལས་དོན་ཨུ་ལྷན་གྱི་སྣེ་ཁྲིད་འོག མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་གྱི་ཕྱོགས་མིའི་ཏང་ཀྲི་པུའི་ངལ་རྩོལ་པའི་ས་ཚིགས་ཀྱིས“གྲང་ངར་ཆེ་དུས་དྲོད་ཁུག་ས་དང་། ཚ་བ་ཆེ་དུས་ཚ་གཡོལ་བྱེད་ས། ངལ་དུབ་ཆེ་དུས་ངལ་གསོ་རྒྱག་ས། རྨས་སྐྱོན་ཕོག་དུས་སྨན་བཅོས་བྱེད་ས”བཅས་ཀྱི་ཞབས་ཞུའི་དམིགས་ཡུལ་མཐའ་འཁྱོངས་བྱས་ནས། སྨི་ངོས་གྲུ་400ལྷག་ཙམ་གྱི་ཞབས་ཞུའི་བར་མཐོངས་ལ་བརྟེན་ནས་དམངས་ཕན་ཞབས་ཞུ་དང་། འགལ་ཟླ་འདུམ་འགྲིག རིག་གནས་ལུས་རྩལ་སྤྲོ་གསེང་། ཁོར་ཡུག་བཅོས་སྒྲིག སྤྱི་ཕན་རོགས་སྐྱོབ། ཏང་འཛུགས་སྐྱོང་གིས་མཐུན་རྐྱེན་སྦྱོར་བ་སོགས་སྣ་མང་བྱེད་ནུས་གཅིག་སྡུད་བྱས་ཏེ། ཕྱི་རོལ་དུ་ངལ་རྩོལ་བྱེད་མཁན་དང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས། ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་བཅས་ཀྱི“སེམས་སྐྱིད་དགའ་ཚལ”དང་གཞི་རིམ་བཅོས་སྐྱོང་གི་གཡུལ་ས་ནུས་ཤུགས་ཡོད་རྒུས་བཏོད་ཡོད།

    མལ་གྲོ་གུང་དཀར་རྫོང་དུ་གཞིས་ཆགས་ནས་ལོ་14སོང་བའི་ཏང་ཡོན་ཐང་ཤིང་ཅུས་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། དང་ཐོག་མར་ས་ཆ་དེར་སླེབས་སྐབས་ཁོང་ལ་སེམས་ཁྲལ་ཆེན་པོ་བྱུང་ཡོད། ཕྱིས་སུ་ཕྱོགས་མིའི་ཏང་ཀྲི་པུའུ་ནང་ཞུགས་རྗེས་ས་ཚིགས་དེ་ཡང་ཁྱིམ་ཚང་ལྟ་བུར་བརྩིས་ནས་ས་ཚིགས་ནང་ངོས་ལེགས་སྒྲིག་དང་། དཔེ་ཀློག་སློབ་སྦྱོང་། རྩལ་ནུས་གསོ་སྦྱོང་བཅས་ནང་ཧུར་ཐག་ཞུགས་ཏེ་ཕན་པ་ཐོབ་མཁན་ནས་གཞི་རིམ་གྱི་ཞབས་འདེགས་ཞུ་མཁན་བར་འགྱུར་ལྡོག་བྱུང་བས། ཏང་རྩ་འཛུགས་ཀྱི་དྲོ་སྐྱིད་དང་ཐུགས་ཁུར་དངོས་འབྲེལ་ཚོར་ཐུབ་ཡོད།

    མིག་སྔའི་བར། ས་ཚིགས་ཀྱིས་རྒྱུན་རྣམ་ཅན་གྱི་རིན་མེད་དམངས་ཕན་ཞབས་ཞུ་སྤེལ་བར་རིམ་རྩིས་བརྒྱབ་ན་ཞབས་ཞུ་སྣ་ཚོགས་ཐེངས་100ལྷག་ཙམ་བསྒྲུབས་ཏེ་ཕྱི་རོལ་དུ་ངལ་རྩོལ་བྱེད་མཁན་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་རྒྱུན་གཏན་འཁྲུ་འཁྲུ་བཤལ་བཤལ་དང་། རླངས་འཁོར་འཁྲུ་བ། ལས་སྒྲུབ་པར་སློག་སོགས་གནད་དོན་ཐག་གཅོད་ཏན་ཏིག་ཐུབ་ནས་ཞབས་ཞུ་ཆུང་ཆུང་དེས་ཏང་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག དོན་དག་ཆུང་ཙག་ས་ཆ་དེ་རང་དུ་ཐག་གཅོད་དང་འགལ་ཟླ་འབྱུང་རྩ་ནས་འདུམ་འགྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། རིམ་རྩིས་བརྒྱབ་ན་རྩོད་གཞི་ཁག་8བདེ་བླག་ངང་འདུམ་འགྲིག་བྱས་པར་གྱོད་འབྲེལ་དངུལ་སྒོར་ཁྲི་20ལྷག་ཙམ་ཟིན་པ་དང་། སྡེ་ཁུལ་ཞི་མཐུན་བརྟན་ལྷིང་དང་ཤེས་དཔལ་དང་གོ་རིམ་ལྡན་པའི་ངང་སྲུང་སྐྱོང་བྱས་ཡོད། རིག་གནས་དང་ལུས་རྩལ་ཞབས་ཞུ་སོགས་སྒྲིག་བཀོད་རིན་མེད་ངང་སྤྱོད་དུ་བཅུག་པ་ལས་མང་ཚོགས་ཀྱི་ལས་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཏེ་སྐྱོན་བྲལ་ཡར་ཐོན་དང་ཁྱིམ་མཚེས་འཆམ་མཐུན་གྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

    གུང་དཀར་གྲོང་རྡལ་གྱི་ཕྱོགས་མིའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧྥུའུ་ཡེ་ཆོན་གྱིས“རྫོང་ཨུད་ཀྱི‘གསར་གཉིས’ལས་དོན་ཨུ་ལྷན་གྱི་མཛུབ་ཁྲིད་འོག ང་ཚོ་ཕྱོགས་མི་ཏང་ཀྲི་པུས་ངལ་རྩོལ་པའི་ས་ཚིགས་བཙུགས་ཏེ་ས་གནས་དེ་གའི་མང་ཚོགས་དང་ས་ཕྱོགས་ཁག་ནས་ཡོང་བའི་ཡུལ་སྐོར་བར་སྒོ་ཕྱེ་ཡོད། ཡུལ་སྐོར་བ་ཞག་སྡོད་བྱེད་སྐབས་ང་ཚོས་ད་དུང་ཞོགས་ཟས་མཁོ་འདོན་སོགས་དམངས་ཕན་ཞབས་འདེགས་ཞུས་ཏེ་ཐག་རིང་ནས་ཡོང་བའི་མིར་ཁྱིམ་དུ་སླེབས་པ་ལྟར་གྱི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་ཀྱི་ཡོད། ང་ཚོས་ས་ཚིགས་ཀྱི་ཞབས་ཞུ་ཁག་མུ་མཐུད་ཡག་པོ་བསྒྲུབས་ཏེ‘སེམས་སྐྱིད་དགའ་ཚལ’དེ་བས་དྲོ་སྐྱིད་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།