ཐོབ་ཐང་ཇི་ལྟར་འགྱུར་ན་ཡང་། འགན་འཁྲི་འཁུར་སེམས་འགྱུར་མི་སྲིད།
—— ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་ལྷ་ལུང་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་འཕྲིན་ལས་དོན་གྲུབ་ཀྱི་སྐོར་བཀོད་པ།
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་ལྷ་ལུང་གྲོང་ཚོའི“དགུ་བཅུའི་ནང་སྐྱེས”ཀྱི“དམག་མི་ཧྲུའུ་ཅི”འཕྲིན་ལས་དོན་གྲུབ་ཀྱིས་དམག་སྒར་དུ་སྦྱོང་བརྡར་ཐེབས་པའི་སྙིང་རུས་དང་སྤྲོ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་སྟེ། ཁ་ཡོད་ལག་ཡོད་ཀྱི་ལས་དོན་སྒྲུབ་པར་བརྟེན་ནས་དམག་ཞབས་ཐིམ་པའི་དམག་མི་ཏང་ཡོན་ཞིག་གིས་གྲོང་གསེབ་དར་རྒྱས་གཏོང་ཆེད་རང་ནུས་སྐྱེས་སུ་ཕུལ་ཡོད་པ་རེད།
ན་སོ་གཞོན་དུས་འཕྲིན་ལས་དོན་གྲུབ་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་བསམ་ཡིད་ལ་བཅངས་ནས་དམག་མི་བྱེད་པར་བསྐྱོད། དམག་སྒར་ནས་ཁོང་ལ་དཔའ་ངར་ཞུམ་མེད་ཀྱིས་མདུན་སྐྱོད་དང་གདོང་མཆོང་བྱེད་ཕོད་པའི་ཕུལ་བྱུང་གཤིས་རྒྱུད་ཅིག་འཇགས་ཡོད། ས་ཡོམ་ཞིག་ལས་ཁོང་གི་སེམས་སུ་ཏང་རྩ་འཛུགས་དང་ཉེ་བར་བཅར་རྒྱུའི་བསམ་བློ་འཁོར། དེ་ཡང་2013ལོར་འཕྲིན་ལས་དོན་གྲུབ་ཡོད་སའི་དཔུང་སྡེའི་ཉེ་འགྲམ་དུ་ས་ཡོམ་བརྒྱབ་པ་དང་། སྐབས་དེ་དུས“ཏང་ཡོན་འཕྲལ་སྒྲུབ་རུ་ཁག”ཅེས་འཁོད་པའི་དཔུང་རྟགས་དམར་པོ་བཏགས་པའི་འཐབ་གྲོགས་ཚོས་ཉེན་ཁར་མི་སྐྲག་པར་མདུན་དུ་སྐྱོད་པའི་གཟུགས་བརྙན་གྱིས་ཁོང་ལ་སེམས་འགུལ་ཆེན་པོ་ཐེབས། ཏང་ཡོན་གྱིས་དཔའ་ངར་ཆེར་སྐྱེད་ཀྱིས་མང་ཚོགས་སྲུང་སྐྱོང་བྱེད་པ་མིག་མཐོང་ལག་ཟིན་བྱུང་རྗེས། འཕྲིན་ལས་དོན་གྲུབ་ཀྱིས་ཀྱང་ཉེན་སེལ་གྱི་ལས་དོན་ནང་ཧུར་ཐག་ཞུགས་ཏེ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་འགན་འཁུར་བ་མ་ཟད། ཡིན་གཅིག་ཀྲུང་གོ་གུང་ཁྲན་ཏང་ཡོན་ཞིག་བྱེད་པའི་ཆོད་སེམས་བཞག
2014ལོར། འཕྲིན་ལས་དོན་གྲུབ་དམག་ཞབས་ཐིམ་ནས་ཕ་ཡུལ་དུ་ལོག 2015ལོའི་ཟླ་7པར། ཁོང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུཌ་ཐུབ་པས། གཞི་རིམ་དུ་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དེ་ནས་རྩ་བ་ཚུགས་ཐུབ་ཡོད་པ་རེད། དཔུང་སྡེ་ནས་ཁོང་ལ་འགན་འཁུར་ཕོད་པ་དང་ཐེག་པ་ཁུར་དུ་ལེན་པའི་གཤིས་རྒྱུད་ཅིག་འཇགས་ཡོད། དེས་ན། 2021ལོར་འཕྲིན་ལས་དོན་གྲུབ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅིར་བདམས་པ་རེད།
གྲོང་ཚོའི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་ནས་ཡུལ་མིར་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་ཇི་ལྟར་བྱེད་དགོས་མིན་དེ་ནི་འཕྲིན་ལས་དོན་གྲུབ་ཀྱིས་རྟག་ཏུ་བསམ་གཞིག་བྱེད་ཡུལ་ཞིག་རེད། “ཐོན་ཁུངས་བེད་མེད་དུ་འཇོག་མི་རུང་། ཐབས་ལམ་ཡང་དག་ཅིག་བཙལ་ནས་ཡུལ་མི་སྤུན་ཟླ་ཚོ་སྒོ་རྩ་ནས་ལས་ཞུགས་འབབ་འཕར་ཐུབ་པར་བྱེད་དགོས”ཞེས་པ་ནི་ཁོང་གིས་རྒྱུན་དུ་བཤད་པའི་སྐད་ཆ་ཞིག་རེད།
གྲོང་ཚོ་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་འཕྲིན་ལས་དོན་གྲུབ་ཀྱིས་རང་འགུལ་ངང་བརྟག་ཞིབ་ཞིབ་ཚགས་བྱས་པ་དང་སྦྲགས་ཡུལ་མིའི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་གྱིས་ཡུལ་བབ་དང་བསྟུན་ནས་ཐོན་ལས་ཇུས་འགོད་བྱས་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་སྟོབས་ཆེར་བཏང་སྟེ། འབྲི་གཡག་གསོ་ཚགས་དང་། རི་མཐོའི་གངས་ཤུད། ལྗང་མདོག་གློག་གསོག་སོགས་ཀྱི་རྣམ་གྲངས་ལ་བརྟེན་ནས་ཡུལ་མི་ཚོ་ཐག་ཉེ་ས་ནས་ལས་ཞུགས་ལས་གནས་ཁག་གཅིག་བཏོད་པས། ཡུལ་མི་མི་ཉུང་བ་ཞིག་“ཁྱིམ་ལ་ལྟ་རྟོག་ཐུབ་པ་མ་ཟད་ཡོང་འབབ་ཀྱང་གསོག་ཐུབ་པ”བྱུང་ཡོད།
འབྲི་གཡག་གསོ་ཚགས་ནི་འབྲོག་ཁུལ་མང་ཚོགས་ཀྱི་ཡོང་སྒོ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཆེད། ལྷ་ལུང་གྲོང་ཚོས་ཀྲུང་དབྱང་གི་གྲོང་ཚོའི་མཉམ་སྡེབ་ལ་རོགས་སྐྱོར་བྱེད་པའི་མ་དངུལ་དང་གྲོང་སྡོད་ལས་དོན་རུ་ཁག་གི་དམངས་ལ་བྱ་བ་དངོས་སྒྲུབ་པའི་མ་དངུལ་སྒོར་ཁྲི་98བསྡུ་སྒྲིལ་བྱས་ནས་ལོ་ཚད་ལོངས་པའི་འབྲི་114ཉོས་ཏེ། ཁྱད་ལྡན་འབྲི་གཡག་གསོ་ཚགས་ལ་བརྟེན་ནས་འབབ་འཕར་ཡོང་བ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བརྟན་པོའི་ངང་བཏོད་ཡོད།
ཡུལ་མི་བསོད་ནམས་ཚེ་རིང་ནི་གྲོང་ཚོའི་ལོ་ན་གཞོན་པའི་ངལ་རྩོལ་ནུས་ཤུགས་ཤིག་ཡིན་པ་དང་དེ་སྔ་ལོ་འཁོར་མོ་ཕྱིར་གླ་པར་འགྲོ་དགོས་ཀྱི་ཡོད་པས་ཁྱིམ་གྱི་རྒན་རྒོན་ལ་ལྟ་རྟོག་བྱེད་ཐུབ་ཀྱི་མེད། བསོད་ནམས་ཚེ་རིང་གི་དོན་དངོས་གནས་ཚུལ་ཤེས་རྟོགས་བྱུང་རྗེས། འཕྲིན་ལས་དོན་གྲུབ་ཀྱིས་རང་འགུལ་ངང་ཁོང་གི་ཁྱིམ་དུ་ཡོང་ནས་འབྲེལ་གཏུག་དང་བཅས་ཁ་ཏ་བསླབ་བྱ་བྱས་པ་དང་། ས་གནས་དེ་གའི་གངས་འཁྱགས་ཐོན་ལས་འཕེལ་རྒྱས་གཏོང་བའི་གོ་སྐབས་ལ་དམ་འཛིན་བྱས་ཏེ་ཡུལ་དེ་གར་ལས་ཞུགས་དང་ཕ་ཡུལ་གྱི་འཕེལ་རྒྱས་ལ་གཞི་ཚུགས་རྒྱུར་སྐུལ་ལྕག་བྱས་པ་རེད། དེར་མ་ཟད་འཕྲིན་ལས་དོན་གྲུབ་ཀྱི་ཁྲིད་སྟོན་དང་རོགས་རམ་ལ་བརྟེན་ནས་བསོད་ནམས་ཚེ་རིང་གིས་ཡིག་རྒྱུགས་གྲ་སྒྲིག་ཧུར་ཐག་བྱས་པས་གངས་ཤུད་ར་བའི་རྩལ་ཁྲིད་པའི་ཐོབ་ཐང་ལག་ཁྱེར་རག་ནས་གངས་ཤུད་རྩལ་ཁྲིད་པ་ཞིག་ཏུ་དངོས་སུ་གྱུར། དེར་བརྟེན་གངས་ཤུད་ར་བ་གཉེར་སྐྱོང་བྱེད་རིང་བསོད་ནམས་ཚེ་རིང་ལ་ཟླ་རེར་ཡོང་འབབ་སྒོར་8000ཡོང་གི་ཡོད།
ཉེ་བའི་ལོ་ཤས་རིང་། གངས་ཤུད་ར་བའི་རྣམ་གྲངས་ཀྱིས་ཡུལ་མི་50ལྷག་ཙམ་ལ་སྔ་རྗེས་སུ་ལས་གནས་མཁོ་འདོན་ཐུབ་ཡོད། 2025ལོར་ལྷ་ལུང་གྲོང་ཚོས་འབྲི་གཡག་གསོ་ཚགས་དང་ལྗང་མདོག་གློག་གསོག་སོགས་ཀྱི་རྣམ་གྲངས་ལ་བརྟེན་པས་གྲོང་ཚོའི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་ལ་ཡོང་འབབ་སྒོར་ཁྲི་28.4ཟིན་ཡོད། ན་ནིང་གྲོང་ཚོ་དེའི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཟིན་ཡོད།
ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་འཕྲིན་ལས་དོན་གྲུབ་ཀྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཇོག་གི་ཡོད། ཁོང་གིས་རྒྱུན་གཏན་དུད་ཚང་དུ་བཅར་འདྲིར་སྐྱོད་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གནས་ཚུལ་གནད་སྨིན་གྲལ་བཤེར་གྱིས་དམངས་ཕན་འགན་ལེན་སྲིད་ཇུས་ཁག་རེ་རེ་བཞིན་དོན་འཁྱོལ་བྱེད་ཀྱི་ཡོད། ཁོང་གིས་རྟག་ཏུ་ཁེར་སྡོད་རྒན་རྒོན་ལ་ལྟ་བར་འགྲོ་གི་ཡོད། འཚོ་བར་དཀའ་ངལ་བྱུང་བའི་ཁྱིམ་ཚང་ལ་ཁོང་མི་སྒེར་ནས་དངུལ་བཏོན་ཏེ་རོགས་རམ་ཐེངས་མང་བྱས་མྱོང་། དཀའ་ངལ་ཡོད་པའི་སློབ་མ་སློབ་གྲྭ་འགྲོ་དཀའ་བའི་གནད་དོན་ཤེས་རྟོགས་བྱུང་རྗེས་ཁོང་གིས་ཕྱོགས་གང་ས་ཅི་ཐད་ནས་འབྲེལ་མཐུད་བྱས་ཏེ་སློབ་སྐྱོར་རོགས་དངུལ་རག་ཐབས་ཧུར་ཐག་བྱས་ནས་དཀའ་ངལ་ཡོད་པའི་ཕྲུ་གུ་གཅིག་ཀྱང་སློབ་མཚམས་མི་ཆད་པ་བྱེད་ཀྱི་ཡོད།
ཉེན་ཁའི་དུས་སུ་དམག་མིའི་རང་མདངས་དེ་བས་མངོན་བཞིན་ཡོད། 2024ལོའི་ཟླ་11པར་ལྷ་ལུང་གྲོང་ཚོར་གློ་བུར་དུ་ས་ཡོམ་བརྒྱབ་ཅིང་། ཉེན་ཚབས་ཆེ་བའི་དུས་སུ་འཕྲིན་ལས་དོན་གྲུབ་ཀྱིས་འཕྲལ་མར་གྲོང་ཚོའི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ནང་ཞུགས། དེ་ཡང་དུད་ཚང་རེ་རེ་བཞིན་དུ་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། དངངས་སྐྲག་བྱུང་བའི་མང་ཚོགས་ལ་ངང་རྒྱུད་རིང་པོས་སེམས་གསོ་གཏོང་བ། འཕྲལ་སྡོམ་གྱི་སྟབས་བདེའི་ཁང་པ་དང་འཚོ་བའི་དངོས་ཟོག་སྤྱི་འདོམས་བཀོད་གཏོང་སོགས་བྱས་ནས། གོ་རིམ་ལྡན་པའི་ངང་ཐོལ་བྱུང་གནས་ཚུལ་སྣ་ཚོགས་ཐག་གཅོད་བྱས་ཏེ་འགན་འཁྲིར་བརྟེན་ནས་མང་ཚོགས་ཀྱི་བདེ་འཇགས་འགོག་རགས་བརྟན་པོར་བསྲུངས་ཡོད།
དམག་སྒར་གྱི་འཐབ་འཛིང་པ་ཞིག་ནས་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅིའི་བར་ཐོབ་ཐང་ལ་འགྱུར་ལྡོག་ཕྱིན་ཡང་འཁྲི་འགན་འཁུར་སེམས་འགྱུར་ལྡོག་ཡེ་ནས་ཕྱིན་མེད་ལ། ལས་གནས་མི་འདྲ་ཡང་སྔར་བཞིན་ཐེག་པ་ཁུར་དུ་ལེན་བཞིན་ཡོད། ད་ཆ་གྲོང་ཚོར་སྐྱོད་སྐབས་འཕྲིན་ལས་དོན་གྲུབ་ཀྱི་སྐོར་གླེང་དུས་ཡུལ་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་བསྟོད་པའི་མཐེ་བོང་སྒྲེང་བཞིན་མཆིས།
2023ལོར་འཕྲིན་ལས་དོན་གྲུབ་ལ་ལྷ་ས་གྲོང་ཁྱེར་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི“དཔེ་བཟང་མི་སྒེར”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། འཕྲིན་ལས་དོན་གྲུབ་ཀྱིས། དམག་ཞབས་ཐིམ་པའི་དམག་མི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་རྒྱུན་བཞིན་བཏོན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱུན་མཐུད་འབད་འབུངས་དང་། མང་ཚོགས་ཀྱི་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། གྲོང་ཚོ་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། དེ་བས་དར་རྒྱས་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་གོམ་སྟབས་བརྟན་པོས་བསྐྱོད་ཀྱི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།