ཞི་ཅིན་ཕིང་གིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།
ལི་ཆང་གིས་རྒྱལ་ཡོངས་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གནང་བ།
● སྔོན་ཐོན་བཟོ་སྐྲུན་ལས་རིགས་རྒྱུན་མཐུད་རྒྱ་སྟོབས་ཆེ་རུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་གསར་གཏོད་ནུས་པ་དང་། འགྲན་རྩོད་ནུས་པ། ཕྱོགས་བསྡུས་སྟོབས་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་སོང་སྟེ་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་རྒྱུན་མཐུད་ངང་རྒྱ་སྟོབས་ཆེ་རུ་གཏོང་བ། ཐོན་ལས་འཁོར་འབྲེལ་གྱི་རང་བརྟེན་ཚོད་འཛིན་ཐུབ་པའི་ཆུ་ཚད་མཐོ་རུ་གཏོང་བ། སྔོན་ཐོན་བཟོ་སྐྲུན་ལས་རིགས་གཙོ་རྐང་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་པ། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འདེཌ་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།
རྒྱལ་ཡོངས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་ཆེན་ཟླ་9ཚེས་16ནས་17ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུར་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ལི་ཆང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་དང་། ཁ་ཕྱོཌ་ཐབས་ལམ། གཙོ་གནད་ལས་འགན་བཅས་རྒྱས་བཤད་གཏིང་ཟབ་གནང་བ་དེར་འཐབ་ཇུས་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་པས་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་པར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་སྔོན་ཐོན་བཟོ་སྐྲུན་ལས་རིཌ་འཕེལ་རྒྱས་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་མཐུད་ཤུཌ་སྣོན་རྒྱག་པ་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་འཛུཌ་སྐྲུན་བྱེད་པའི་དམིཌ་ཚད་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས།
ལི་ཆང་གིས་ནན་བཤད་གནང་དོན། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་དང་བསྟུན་ནས། རབས་གསར་པའི་རིག་ནུས་བཟོ་སྐྲུན་ལ་ཤུགས་རྒྱག་ས་གཙོ་བོར་བརྩིས་ཏེ་འཕེལ་རྒྱས་ཀྱི་ཐབས་ཇུས་ཐད་གྲངས་རིག་གིས་མཐུན་རྐྱེན་སྦྱོར་བར་དེ་བས་སྣང་ཆེན་དང་། ལག་རྩལ་ལམ་ཕྱོགས་ཐད་རྩེར་སོན་རང་བརྟེན་ལ་དེ་བས་སྣང་ཆེན། ཐོན་སྐྱེད་བྱེད་སྟངས་ཐད་ལྗང་མདོག་ཐཱན་ཉུང་ལ་དེ་བས་སྣང་ཆེན།ལྗོངས་རྣམ་དང་ལས་རྣམ་ཐད་ལས་རིགས་ལས་བརྒལ་བའི་མཉམ་འདྲེས་ལ་དེ་བས་སྣང་ཆེན་བཅས་བྱས་ཏེ། བཟོ་སྐྲུན་ལས་རིགས་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
ལི་ཆང་གིས་གསུངས་དོན། གཙོ་གནད་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་ཇུས་བསྟར་དང་གནད་སྨིན་ཤུགས་འདོན་ལ་དམིགས་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་ནུས་པ་དང་། འགྲན་རྩོད་ནུས་པ། ཕྱོགས་བསྡུས་སྟོབས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཏོད་པ་དང་། རྨང་གཞིའི་ཞིབ་འཇུག་གི་འདེགས་སྐྱོར་བརྟན་དུ་གཏོང་བ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་གཏིང་ཟབ་བྱེད་པ་བཅས་བྱེད་དགོས། གསར་དར་ཐོན་ལས་གཞི་ཁྱོན་ཆེན་པོས་བཀོལ་སྤྱོད་བྱེད་མགྱོགས་སུ་གཏོང་བ་དང་། འབྱུང་འགྱུར་ཐོན་ལས་ཀྱི་ཕུགས་ཀྱི་བཀོད་པར་ཤུགས་སྣོན་རྒྱག་པ། སྲོལ་རྒྱུན་ཐོན་ལས་གསར་བརྗེས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། “མི་ཐབས་རིག་ནུས+བཟོ་སྐྲུན”གྱི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཁེ་ལས་གྲངས་རིག་ཅན་ལ་ཕྱོགས་སྒྱུར་བྱེད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རིག་ནུས་ཀྱི་མཉེན་ཆས་དང་མཁྲེགས་ཆས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་ཞབས་ཞུ་རྣམ་པའི་བཟོ་སྐྲུན་གསར་གཏོད་དང་འཕེལ་རྒྱས་གཏོང་དགོས། ཡུལ་བབ་དང་བསྟུན་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོ་འདུས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། རིགས་དང་རིམ་པ་དབྱེ་ནས་སྤུས་འདེགས་མཐོར་གཏོང་བྱེད་དགོས། སྒྱུར་བཅོས་སྒོ་དབྱེ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཁེ་ལས་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་དང་རྒྱུ་རྐྱེན་གཙོ་བོའི་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ཏེ་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཙུང་ལི་ལི་ཆང་གི་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་དགོས་གཏུགས་ཀྱི་སེམས་པ་དང་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། གཙོ་གནད་འབུར་དུ་ཐོན་པ་དང་འགག་རྩར་དམ་འཛིན་བྱས་ཏེ་གཙོ་གནད་ཐོན་ལས་འཁོར་འབྲེལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། རབས་གསར་པའི་རིག་ནུས་བཟོ་སྐྲུན་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐོན་ལས་མ་ལག་རིམ་སྤོར་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་བཅས་བྱས་ཏེ་ལས་འགན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་དེ་བས་ལེགས་པ་འདོན་རྒྱུར་དམིགས་ཏེ་སྤུས་ཚད་མཐོ་བའི་ཚད་གཞིའི་མ་ལག་མགྱོགས་མྱུར་སྐྲུན་པ་དང་། གོ་རིམ་མེད་པ་དང་ལུགས་དང་མ་མཐུན་པའི་འགྲན་རྩོད་ལ་བཅོས་སྒྲིག་རྒྱུན་མཐུད་བྱེད་པ། ཁེ་ལས་ལ་དཀའ་ངལ་དངོས་ཐག་གཅོད་ཧུར་ཐག་བྱེད་རོགས་བཅས་བྱས་ཏེ་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན། ཅང་སུའུ་ཞིང་ཆེན། ཧུའུ་པེ་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཝུའུ་ཀྲེང་ལུང་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར་བཅས་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་སྒྲིག་གཞི་ཁག་གཅིག་དང་ཁེ་ལས། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།