དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྡི་ལི་གསར་པར་མཇལ་འཛོམས་གནང་རིང་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་འགོ་དང་འདོད་ཚུལ་གལ་ཆེན་ལ་རྒྱལ་སྤྱིའི་གླེང་ཕྱོགས་ ཀྱིས་གདེང་འཇོག་གང་ལེགས་བྱས་པ།

    “འབོ་གསེར་མཉམ་ལས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཁ་ཕྱོགས་གསལ་སྟོན་གནང་བ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-09-18

    ཟླ་9ཚེས་12དང་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་རྒྱ་གར་དུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པར་ཕེབས་པ་རེད། འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་དང་། མཉམ་ལས་ཀྱི་ལེའུ་གསར་མཉམ་དུ་བཀོད་པ། རྒྱ་གར་གྱི་ཙུང་ལི་མོ་ཏི་དང་གྲོས་མོལ་གཏིང་ཟབ་གནང་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བར་ཁ་ཕྱོགས་གཏན་འཁེལ་གནང་བར་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཚད་མཐོའི་དོ་ཁུར་ཐོབ་ཡོད། རྒྱལ་ཁབ་མང་པོའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་ནས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་འགོ་དང་འདོད་ཚུལ་གལ་ཆེན་རབ་དང་རིམ་པས་འབོ་གསེར་གྱི་མཉམ་ལས་ལམ་སྲོལ་གྱི་ཕན་ནུས་ཆེ་རུ་གཏོང་རྒྱུ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཁྲོད་འབོ་གསེར་གྱི་མཉམ་ལས་ལམ་སྲོལ་གྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་འབྲེལ་རང་སྟོབས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱས་ཡོད།

    “རང་ངོས་འཕེལ་རྒྱས་གཏོང་རྒྱུ་དེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ཟུང་འབྲེལ་བྱེད་དགོས”

    ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་དུས་མཚམས་དང་པོའི་ཚོགས་འདུ་དང་དུས་མཚམས་གཉིས་པའི་ཚོགས་འདུར་ཞུགས་ནས《དུས་རབས་ཀྱི་འགན་འཁྲི་མཉམ་དུ་ཁུར། སྟོབས་ཤུགས་ཅན་གྱི་གདོང་ལེན་པ་བྱེད》དང《འབོ་གསེར་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་བཏིང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ནས་འབོ་གསེར་རྒྱལ་ཁབ་ཀྱིས“གདོང་ལེན་ཆེན་པོ་བཞིའི”ནུས་པ་བཏོན་ནས་འབོ་གསེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་གྲོས་འགོ་ཁག་5བཏོན་ཏེ“འབོ་གསེར་ཆེན་པོའི་མཉམ་ལས”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    ཁུ་པའི་ལ་ཏིང་མེ་གླིང་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་ཏེ་འབོ་གསེར་མཉམ་ལས་ཀྱི་ལམ་སྲོལ་བཙུགས་ནས་ལོ་20སོང་རིང་ཀྲུང་གོས་མཉམ་ལས་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དང་མཐུན་སྒྲིལ་བྱས་ནས་འཛམ་གླིང་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་མཇལ་འཛོམས་ཐོག་བཏོན་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པས“འབོ་གསེར་མཉམ་ལས་བརྟན་བགྲོད་རྒྱང་འཁྱོལ་ཡོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད”ཅེས་བརྗོད་ཡོད།

    “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་རང་སྟོབས་ལ་དོན་སྙིང་གལ་ཆེན་ལྡན་ཡོད”

    ད་ཐེངས་ཀྱི་མཇལ་འཛོམས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སྟོབས་ཤུགས་ཆེ་རུ་གཏོང་བའི་ཐད་བཞེད་དགོངས་གལ་ཆེན་ཁག་བཞི་བཏོན་གནང་བ་སྟེ། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་མཉམ་དུ་སྲུང་སྐྱོང་བྱས་ནས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་འདྲ་མཉམ་ངང་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་ནུས་པར་སྲུང་སྐྱོང་བྱེད་དགོས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པ། ལག་གདང་སྦྲེལ་ནས་བདེ་འཇགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་འཇིགས་སྐུལ་ལ་མཉམ་དུ་ཁ་གཏད་གཅོག་དགོས་པ་བཅས་རེད།

    ཕ་ཁི་སི་ཐན་གྱི《དེང་གི་ཕ་ཁི་སི་ཐན་ཚགས་པར》ཐོག་ཆེད་དོན་རྩོམ་ཡིག་སྤེལ་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་འབོ་གསེར་མཉམ་ལས་ལམ་སྲོལ་ལ་འདས་ཟིན་པའི་ལོ་20ཡི་ནང་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཏེ། ལམ་སྲོལ་དེ་ནི“རྒྱ་ཁྱབ་ཀྱི་མཚོན་བྱེད་རང་བཞིན་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པའི་ལས་སྟེགས་ཤིག་ཡིན་པའི”ངོས་འཛིན་བྱེད་ཀྱི་ཡོད་ཅེས་འཁོད་ཡོད། ས་ཁོངས་ཆབ་སྲིད་ཀྱི་གདོང་ཐུག་རིམ་སྤོར་དང་ཕྱོགས་རྐྱང་རིང་ལུགས་ཀྱི་མགོ་བོ་འདེགས་པའི་རྒྱབ་ལྗོངས་འོག“འབོ་གསེར་རྒྱལ་ཁབ་ལ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཆེད་སྐད་ཆ་ཤོད་པ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་གི་ནུས་པ་འདོན་པར་རྒྱབ་སྐྱོར་བཅས་བྱེད་པའི་འགན་འཁྲི་ཡོད”

    “ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དོན་གཉེར་བརྟན་ལྷིང་གི་ཕྱོགས་སུ་སྔར་བས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས”

    ཁ་ཧྲན་དང་ཐེན་ཅིན་དུ་མཇལ་འཛོམས་གནང་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་མོ་ཏི་དང་སླར་ཡང་ཕྱོགས་གཉིས་པོའི་དབར་མཇལ་འཛོམས་གནང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རང་བཞིན་དང་། ཕུགས་ཕན་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ལྷག་བསམ་ཟོལ་མེད་ངང་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་ཀྲུང་གོ་དང་རྒྱ་གར་དབར་རོགས་ཟླའི་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་ཡོད།

    རྒྱ་གར་གྱི《རྒྱ་གར་གྱི་ཆོས་པའི་ཚགས་པར》ཐོག་གནས་ཚུལ་སྤེལ་ནས་རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་དགའ་བསུ་ཞུས་པ་དང་འབྲེལ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་རྒྱ་གར་དང་ཀྲུང་གོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་གནང་ཡོད་ཅེས་བརྗོད་ཡོད། གནས་ཚུལ་སྤེལ་བའི་ནང་རྒྱ་གར་གྱི་ཕྱི་འབྲེལ་པུའི་ལྟ་ཚུལ་དྲངས་ནས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་འགྲན་སློང་ལ་ཁ་གཏད་གཅོག་པ་དང་དུས་མཚུངས་ཕྱོགས་གཉིས་པོས་ངེས་པར་དུ་ཐུན་མོང་གི་ངོས་འཛིན་བྱེད་རྒྱ་མུ་མཐུད་ཆེ་རུ་བཏང་ནས། ས་ཁུལ་དང་གོ་ལ་ཧྲིལ་པོའི་གནད་དོན་ཐག་གཅོད་བྱེད་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱུང་ཡོད་ཅེས་འཁོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།