དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧ་སག་སི་ཐན་གྱི་དྲ་ཚོང་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ།

    ཀྲུང་གོ་དང་ཧ་སག་སི་ཐན་གྱི་དྲ་ཚོང་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ལི་ཆང་།   |     སྤེལ་དུས།  2026-09-18

    ཉེ་ཆར། ཧ་སག་སི་ཐན་གྱི་ཚོང་དོན་དང་གཞི་གཅིག་ཅན་པུའུ་ཡིས་དྲ་ཚོང་ལས་སྟེགས་ཀྱི་ཚོང་ཟོག་ཕྱིར་ཚོང་ཚོད་འཛིན་དང་བཀག་སྡོམ་གྱི་དཀར་ཆག་དངོས་སུ་ཁྱབ་བསྒྲགས་བྱས་ཏེ། ཚོང་ཟོག་རིགས་ཀྱི་ལྟ་འདོམས་སྒྲིག་སྲོལ་ཞིབ་ཚགས་སུ་བཏང་བ་དང་ལས་རིགས་ཀྱི་ལུགས་མཐུན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། རྒྱལ་ཁབ་དེའི་དྲ་ཚོང་དཔལ་འབྱོར་ཚད་ལྡན་ངང་འཕེལ་རྒྱས་འགྲོ་རྒྱུར་ལམ་ལུགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་རེད། པུའུ་དེའི་པུའུ་ཀྲང་ཧྲ་ཁ་ལི་ཡེ་ཧྥུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་5ཡི་རིང་། ཧ་སག་སི་ཐན་གྱི་དྲ་ཚོང་ཁྲོམ་ར་འཕེལ་རྒྱས་མྱུར་པོ་བྱུང་ནས་ཉོ་ཚོང་གི་གཞི་ཁྱོན་2020ལོའི་ཅན་ཀོ(མི་དམངས་ཤོག་སྒོར་1ཅན་ཀོར་ཕབ་ན་སྒོར་68.13དང་མཚུངས་པ)དུང་ཕྱུར་4760ནས་2025ལོའི་ཅན་ཀོ་དུང་ཕྱུར་ཁྲི་3.9བར་འཕར་བ་དང་འཕར་ཚད་ལྡབ་7ལས་བརྒལ་ནས་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི་བསྡུར་ཚད་15%བཟུང་ཡོད། གྲངས་འཛིན་འཛད་སྤྱོད་བྱེད་རྒྱ་མགྱོགས་མྱུར་ཆེ་རུ་ཕྱིན་ནས་ཧ་སག་སི་ཐན་གྱི་དཔལ་འབྱོར་འཕར་བའི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད།

    དྲ་སྦྲེལ་ཁྱབ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་དང་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་ཧ་སག་སི་ཐན་གྱི་དྲ་ཚོང་འཕེལ་རྒྱས་ལ་རྨང་གཞི་གལ་ཆེན་བཏིང་ཡོད། མིག་སྔར། ཧ་སག་སི་ཐན་གྱི་དྲ་སྦྲེལ་ཁྱབ་ཚད་92.9%ཟིན་པ་དང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྤྱོད་མཁན་གྱིས་75.7%བཟུང་ཡོད། ཧ་སག་སི་ཐན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་གསར་ཤོས་ལ་གཞིགས་ན། 2025ལོར་རྒྱལ་ཁབ་དེས་དྲ་སྦྲེལ་བརྒྱུད་ཚོང་ཟོག་དང་ཞབས་ཞུ་ཉོ་སྒྲུབ་བྱེད་མཁན་དམངས་ཚོགས་ཀྱིས་32.1%བཟུང་བ་དང་མི་3རེའི་ནང་ནས་མི་1ལ་དྲ་ཐོག་ཉོ་སྒྲུབ་ཀྱི་ཉམས་མྱོང་ཡོད་པ་རེད། འཛད་སྤྱོད་དངོས་རྫས་ཀྱི་རིགས་ནས་བལྟས་ན། གྱོན་ཆས་དང་། ལྷམ་རིགས། ལུས་རྩལ་མཁོ་ཆས་བཅས་ཉོ་ཚད་71.3%ཟིན་ནས་ཨང་དང་པོར་སླེབས་པ་དང་། ཟས་རིགས་ཉོ་ཚད་45.2%ཟིན་ནས་ཨང་གཉིས་པར་སླེབས་པ། མཛེས་འཆོས་བྱུག་རྫས་དང་ཁྱིམ་ཆས་ཉོ་ཚད་ཀྱིས་ཆ་སྙོམས་33.2%བཟུང་བ་དང་གསོས་རྗེན་ཐོན་རྫས་ཀྱི་དྲ་ཚོང་སོགས་ཁྱབ་ཁོངས་ཀྱང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད།

    ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་དྲ་ཚོང་དང་ཟོག་འགྲུལ་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ནས་ཧ་སག་སི་ཐན་གྱི་དྲ་ཚོང་འཕེལ་རྒྱས་ཐད་སྒུལ་ནུས་གསར་པ་བསྣན་ཡོད། ཧ་སག་སི་ཐན་གྱི་སྦྲག་སྲིད་ཀུང་སིས་ཀྲུང་གོ་ཡོན་ཐུང་མྱུར་སྐྱེལ་དང་མཉམ་དུ་མ་རྩ་མཉམ་འཇོག་ཀུང་སི་བཙུགས་ཏེ་ཉིན་རེར་ཆ་སྙོམས་ལས་སྒོའི་གྲངས་འབོར་ཁྲི་3ཟིན་པ་དང་མྱུར་སྐྱེལ་དྲ་རྒྱ་རྒྱལ་ཡོངས་ཀྱི་ས་ཚིགས་3000ལྷག་ཙམ་ལ་ཁྱབ་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ད་དུང་ཨ་ལ་མུའུ་ཐུའུ་ཀྲོའུ་རུ་གནམ་སའི་གྲུ་ཁའི་རྣམ་གྲངས་བསྐྲུན་རྩིས་ཡོད་པ་དང་ཕྱོགས་གཉིས་པོས་ཟོག་འགྲུལ་ཆ་འཕྲིན་མ་ལག་སྦྲེལ་མཐུད་དང་། སྣ་མང་མཉམ་འདྲེན། ཕྱོགས་བསྡུས་བརྒྱུད་འདྲེན་ལྟེ་གནས་དང་དེ་བཞིན་མཐའ་སྣེའི་ས་ཚུགས་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱ་རྒྱུ་རེད། གཞན་ཡང་། ཧ་སག་སི་ཐན་སྦྲག་སྲིད་ཀྱིས་ཀྲུང་གོའི་དྲ་ཚོང་ལས་སྟེགས་ཅིང་ཏུང་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་ས་ཁུལ་གྱི་ཁྲོམ་རར་ཕྱོགས་པའི་ཧ་སག་སྐད་དང་ཨུ་རུ་སུའི་སྐད་ཀྱི་ཅིང་ཏུང་ལས་སྟེགས་ཐུན་མོང་ཐོག་བཏོད་ནས་རྒྱལ་མཚམས་སྒྲོལ་བའི་དྲ་ཚོང་འཕེལ་རྒྱས་ཀྱི་བར་མཐོངས་སྔར་བས་རྒྱ་ཆེར་གཏོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།