དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་གི་ཏང་ཙུའི་དེ་སྔའི་ཧྲུའུ་ཅི་དང་ཐིང་ཀྲང་ཏང་ཞའོ་ཡུང་ཏང་གི་སྐྱིད་སྡུག་ནས་ཕུད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-09-18

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་གི་ཏང་ཙུའི་དེ་སྔའི་ཧྲུའུ་ཅི་དང་ཐིང་ཀྲང་ཏང་ཞའོ་ཡུང་གི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱ་རྒྱུའི་བརྡ་ཁྱབ་བཏང་བ་རེད།

    བརྟག་དཔྱད་ཞིབ་བཤེར་བྱས་པ་བརྒྱུད། ཏང་ཞའོ་ཡུང་གི་ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་སྐབས་ཁྲལ་སེལ་སླ་བཅོས་དང་བབ་བསྟུན་བྱས་པ། སྲིད་དོན་ལས་རྗེས་ལྟ་བ་ནོར་བ། “རྟགས་མཚོན་ལས་གྲྭ”སྤེལ་བ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་གཡོལ་བ། རྨོངས་དད་བྱེད་སྒོ་སྤེལ་བ་བཅས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཏེ་སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་པ་དང་། གཞུང་དོན་གཞུང་དྲང་ངང་བསྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ཡུལ་སྐོར་བྱེད་སྒོ་དང་ལེན་བྱས་པ། དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་རླངས་འཁོར་ཡུན་རིང་གཡར་སྤྱོད་བྱས་པ། རྩ་འཛུགས་ཀྱི་རྩ་དོན་སྣང་མེད་དུ་བཏང་བ་དང་། མི་སྒེར་གྱི་འབྲེལ་ཡོད་དོན་དག་ཇི་མ་ཇི་བཞིན་སྙན་སེང་མི་ཞུ་བ། སྒྲིག་འགལ་ངང་མི་གཞན་ལ་གོ་གནས་སྤོར་བའི་ཐད་རོགས་རམ་བྱས་ནས་ཁེ་ཕན་ལེན་པ། སྤྱོད་གཙང་གི་མཐའ་ཚད་ཤོར་བ་དང་ལས་གནས་ཀྱི་དབང་ཆ་སྤྱད་དེ་གཉེན་ཉེའི་གཉེར་སྐྱོང་བྱེད་སྒོར་ཁེ་ཕན་སྤྲད་པ་དང་། དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་རིན་མེད་མཁོ་སྤྲོད་བྱས་པའི་འཚོ་བའི་ཞབས་ཞུ་དང་ལེན་བྱས་པ། སྤྱི་དོན་དབང་ཆ་དེ་སྒེར་ཕན་གཉེར་བའི་ལག་ཆར་བརྩིས་པ། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭ་འགན་གཙང་ལེན་པའི་ཐད་སྟབས་བདེ་སྐྲུན་ནས་ཁེ་ཕན་ལེན་པ་དང་། ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་པ་བཅས་བྱས་པ་རེད།

    ཏང་ཞའོ་ཡུང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ལས་གནས་ཐོག་ཁྲིམས་འགལ་ཚབས་ཆེན་བྱས་པ་མ་ཟད། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་པ་ཡོད་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་སྔར་བཞིན་མཚམས་དང་ཚོད་མ་བྱས་པ་དེའི་ངོ་བོ་ཚབས་ལྕི་བ་དང་ཤུགས་རྐྱེན་ངན་པ་བཟོས་པར་བརྟེན་ཐག་གཅོད་ནན་པོ་བྱེད་དགོས། དེས་ན《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་མཚོ་སྔོན་ཞིང་ཨུད་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད། ཏང་ཞའོ་ཡུང་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ་དང་། གཏན་འབེབས་ལྟར་ཁོ་པས་ལོངས་སུ་སྤྱོད་པའི་ཐོབ་ཐང་མེད་པར་བཟོ་རྒྱུ། སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཁོ་པའི་ཉེས་གསོག་གི་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཞུ་གཏུག་རྒྱག་རྒྱུར་རྩིས་སྤྲོད་རྒྱུ་དང་། འབྲེལ་བ་ཡོད་པའི་རྒྱུ་ནོར་ཡང་མཉམ་དུ་རྩིས་སྤྲོད་རྒྱུའི་ཐག་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།