དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་ཡིས་མཚོ་བོད་ས་མཐོར་ལོ་60ལྷག་ཙམ་གཞི་ཚུགས་ནས་ས་མཐོའི་ནད་འགོག་བཅོས་ལ་གཞོལ་བ།

    འཛམ་གླིང་ཡང་རྩེར་ནད་བཅོས་སྲོག་སྐྱོབ་ཀྱི་སྲུང་བཅད་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀུང་ཧྲི་ཅན།   |     སྤེལ་དུས།  2026-09-18

    མི་སྣའི་ལོ་རྒྱུས་མདོར་བསྡུས།

    ཝུའུ་ཐེན་དབྱི། 1934ལོར་སྐྱེས། ཤིན་ཅང་དབྱི་ལི་བ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན། རང་རྒྱལ་གྱི་གསོ་རླུང་དཀོན་པའི་སྐྱེ་ཁམས་རིག་པ་དང་ས་མཐོའི་གསོ་རིག་རིགས་གཅིག་མཁས་ཅན་གྲགས་ཅན། ས་མཐོའི་གསོ་རིག་བྱ་གཞག་གི་གསར་གཏོད་པ་བཅས་ཡིན། ས་མཐོའི་ནད་འགོག་བཅོས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ཐད་གཞོལ་ཏེ“བོད་རིགས་ལ་འཚམ་པའི་ལུས་ཁམས་རིག་པའི”ཞིབ་འཇུག་གསར་གཏོད་བྱས་པ་དང་། ཁོང་གིས་བཏོན་པའི་གཅོང་ནད་ཀྱི་ས་མཐོའི་ནད་ཀྱི་ཚད་འབེབས་ནད་བརྟག་མ་ལག་དེ་རྒྱལ་སྤྱིའི་ཚད་གཞིར་སྤྱད་ཅིང་། སྣེ་ཁྲིད་དེ་མཚོ་བོད་ལྕགས་ལམ་གྱི་ས་མཐོའི་ནད་སྨན་བཅོས་འགན་ལེན་ལས་དོན་སྤེལ་ནས་ས་བབ་མཐོ་བའི་གཙོ་གནད་ལས་གྲྭར་དོས་དྲག་རང་བཞིན་གྱི་ས་མཐོའི་ནད་ཀྱིས་རྐྱེན་པས་ཤི་མཁན་གཅིག་ཀྱང་བྱུང་མེད་པའི་གསོ་རིག་གི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    འདི་ནི་ཝུའུ་ཐེན་དབྱི་ཡིས་ནད་ཁང་དུ་ནད་པར་ལྟ་བཞིན་པ།

    ས་མཐོའི་གསོ་རིག་ལ་ཞིབ་འཇུག་ལོ་བཅུ་ཕྲག་མང་པོ་བྱས་ཏེ་ས་མཐོའི་ནད་ཀྱི་རྐྱེན་རྩ་གསལ་པོ་རྟོགས་པ་ནས་ས་མཐོའི་བདེ་ཐང་ལུས་གསོའི་འདུ་ཤེས་བཏོན་པའི་བར། ཝུའུ་ཐེན་དབྱི་ཡིས་ས་མཐོའི་གསོ་རིག་གིས་དམངས་ཡོངས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་བར་ཐབས་ལམ་གསར་པ་བཏོད་ཡོད།

    དུས་རབས་ཉི་ཤུའི་ལོ་རབས་50པའི་དུས་མཇུག་ནས་ལོ་རབས་60པའི་དུས་འགོའི་བར། ཚྭ་འདམ་གཤོངས་སའི་ཐོན་ཁུངས་ཞིབ་སྤེལ་སོགས་རྒྱལ་ཁབ་ཀྱི་དགོས་མཁོ་སྐོང་ཆེད་མཚོ་སྔོན་དུ་གཞི་ཁྱོན་ཆེ་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་ཚ་རླབས་ཤིག་འཕྱུར་བ་རེད། ཕུགས་བསམ་ལྡན་པའི་གཞོན་ནུ་མང་པོ་ཞིག་གིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུས་ཏེ་རྒྱལ་ཡོངས་ཀྱི་ས་ཕྱོགས་ཁག་ནས་མཚོ་བོད་ས་མཐོར་བསྐྱོད་པ་དང་ཝུའུ་ཐེན་དབྱི་ཡང་དེའི་ནང་གི་གྲས་ཤིག་རེད།

    ཐོག་མར་མཚོ་སྔོན་དུ་སླེབས་སྐབས་ཝུའུ་ཐེན་དབྱི་ཡིས་སེམས་སྐྱོ་དགོས་པའི་རྣམ་པ་མང་པོ་མཐོང་བ་སྟེ། ས་མཐོར་ཐེངས་དང་པོ་སྐྱོད་མཁན་ཨར་སྐྲུན་པར་གཅིག་རྗེས་གཉིས་མཐུད་ངང་མགོར་ན་ཟུག་ཆེན་པོ་གཏོང་བ་དང་མཚན་མོ་གཉིད་མི་ཁུག་པ་སོགས་ཀྱི་ནད་རྟགས་ཐོན་པ་མ་ཟད། ཐ་ན་མི་འགའ་ཞིག་གློ་བུར་དུ་རང་སར་འགྱེལ་ནས་སྲོག་ཤོར་གྱི་ཡོད།

    “ང་དམག་སར་ཡའང་ངར་རྨས་སྐྱོན་ཕོག་མྱོང་མེད། ས་ཆ་འདིར་སླེབས་རྗེས་ནད་ཡ་མཚན་འདི་འདྲ་ཞིག་ཕོག་བྱུང”ཞེས་ས་མཐོ་འཛུགས་སྐྲུན་ཆེད་ས་མཐོའི་ནད་ཕོག་པའི་འཐབ་འཛིང་པ་ཞིག་གིས་ཝུའུ་ཐེན་དབྱིར་འདི་ལྟར་བཤད། སྐད་ཆ་འདི་ཐོས་སྐབས་ཝུའུ་ཐེན་དབྱི་སེམས་སྡུག་ཆེན་པོ་བྱུང་ཡོད་ལ་སྐད་ཆ་དེ་ལས་ཁོང་ས་མཐོའི་གསོ་རིག་ལ་ཞིབ་འཇུག་བྱེད་པའི་ལམ་དུ་བསྐྱོད་པར་སྐུལ་ལྕག་ཐེབས།

    སྐབས་དེ་དུས་རང་རྒྱལ་དུ་ས་མཐོའི་གསོ་རིག་ཞིབ་འཇུག་ཟེར་བ་གཏན་ནས་མེད། དཔྱད་གཞིའི་ཡིག་ཆ་མེད་པ་དང་ཐ་ན་ནད་དེའི་མིང་ཡང་གསལ་པོ་ཤོད་ཐུབ་མཁན་མེད་པས་ཝུའུ་ཐེན་དབྱི་གོམ་སྟབས་དང་པོ་ནས་འགོ་བརྩམས་དགོས་བྱུང་ཡོད།

    དུས་རབས་ཉི་ཤུའི་ལོ་རབས་80པར་ཝུའུ་ཐེན་དབྱི་ཡིས་ཚོགས་པ་བཙུགས་ནས་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་སོགས་ཀྱི་འབྲོག་ཁུལ་དུ་བསྐྱོད་དེ་དུས་ཡུན་ལོ་10ལྷག་ཙམ་རིང་གི་ས་མཐོའི་ནད་ལ་ཡོངས་བཤེར་བྱེད་འགོ་ཚུགས། ལོ་བཅུ་ཕྲག་ཁ་ཤས་རིང་ཁོང་གིས་མཚོ་སྔོན་དང་། བོད་ལྗོངས། སི་ཁྲོན། ཀན་སུའུ་བཅས་སུ་བསྐྱོད་ཅིང་། རིམ་རྩིས་བརྒྱབ་ན་ལུས་ཁམས་ཀྱི་ནད་རྐྱེན་གྲངས་གཞི་ཁྲི་10ལྷག་ཙམ་འཚོལ་བསྡུ་བྱས་ཡོད། ཁོང་གིས་རང་རྒྱལ་དུ་ས་མཐོའི་གློ་བར་ཆུ་བསགས་པའི་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ་ཐེངས་དང་པོ་ཕུལ་བ་དང་། རྒྱལ་ནང་དུ“དར་མའི་ས་མཐོའི་རང་བཞིན་གྱི་སྙིང་ནད”སྐོར་གྱི་སྙན་ཞུ་ཐོག་མར་ཕུལ་བ་དང་འབྲེལ་གློ་བའི་འཕར་རྩའི་གནོན་ཤུགས་ཆེན་པོ་ནི་རྩ་བའི་ནད་རྐྱེན་ཡིན་པའི་སྡོམ་ཚིག་བཏོན་ཞིང་། ཀྲུང་གོའི་ས་མཐོའི་གསོ་རིག་ཞིབ་འཇུག་ཁང་དང་པོ་བཙུགས་པ་དང་། བོད་རིགས་མི་ཚོགས་ས་མཐོར་འཚོ་བ་ལོ་ངོ་སྟོང་ཕྲག་མང་པོ་སྐྱེལ་རིང་གཟུགས་པོར་དམིགས་བསལ་གྱི་གསོ་རླུང་དཀོན་པོར་འཕྲོད་པའི་ནུས་པ་ལྡན་པ་རིགས་པས་ཁུངས་སྐྱེལ་བྱས་ཡོད།

    2005ལོར་ཁོང་གིས་བཙུགས་པའི་གཅོང་ནད་ཀྱི་ས་མཐོའི་ནད་ཀྱི་ཚད་འབེབས་ནད་བརྟག་མ་ལག་དེ་རྒྱལ་སྤྱིའི་རི་མཐོའི་གསོ་རིག་མཐུན་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་སྤྱི་སྤྱོད་ཚད་གཞིར་སྤྱད་ཡོད། དུས་དེ་ནས་བཟུང་སྔོན་ཆད་མི་རྣམས་སྐྲག་སྣང་སྐྱེ་བ་དང་འགྲེལ་བཤད་རྒྱག་ཐབས་བྲལ་བའི་ནད་རིགས་དེ་གཞི་ནས་ཚད་འཇལ་ཐུབ་པ་དང་། མཚན་ཉིད་འཇོག་ཐུབ་པ། གོ་བ་ལེན་ཐུབ་པའི་ཚད་གཞི་ཞིག་ཡོད་པ་རེད།

    “ས་མཐོའི་བདེ་ཐང་ལུས་གསོའི་ལྟེ་བའི་ལམ་སྲོལ་ནི་གསོ་རླུང་དཀོན་པོ་གོམས་ཐུབ་པ་བྱ་རྒྱུ་དེ་ཡིན་པ་དང་། ས་མཐོར་དམིགས་སུ་ཡོད་པའི་ས་བབ་དང་གསོ་རླུང་དཀོན་པའི་ཁོར་ཡུག་དང་། དམིགས་བསལ་གྱི་གནམ་གཤིས། སྐྱེ་ཁམས་ཐོན་ཁུངས་བཅས་ཚན་རིག་དང་མཐུན་པའི་ངང་སྤྱད་ནས། གསོ་རླུང་དཀོན་པའི་འཕྲལ་བསྟུན་སྦྱོང་བརྡར་དང་། ལུས་སྦྱོང་། འཚོ་བཅུད་སྙོམས་སྒྲིག སེམས་ཁམས་གསོ་བ་སོགས་ཀྱི་བྱེད་ཐབས་དང་ཟུང་འབྲེལ་བྱས་ཏེ་མིའི་ལུས་ཁམས་ཀྱི་མི་མངོན་པའི་ནུས་པ་འཕེལ་བར་བྱེད་པ་དང་རྙིང་ཚབ་གསར་བྱེད་སྙོམས་སྒྲིག་བྱས་ནས། མིའི་ལུས་ཁམས་ཀྱི་བདེ་ཐང་སྲུང་སྐྱོང་དང་ནད་གཞི་ཁག་གཅིག་འགོག་བཅོས་བྱེད་ཐུབ”ཅེས་ཀྲུའུ་ཧྥང་དབྱི་ཡིས་དེའི་ནང་གི་རྐྱེན་རྩ་འགྲེལ་བཤད་བརྒྱབ།

    “ས་བབ་སྨི་1500ནས་2500བར་དང་ལྷག་པར་དུ་སྨི་2000ནས་2250བར་ནི་མི་ཚོགས་དཀྱུས་མའི་བདེ་ཐང་ལུས་གསོ་དང་འཚམ་པའི་ས་བབ་ཅིག་རེད”ཅེས་ཝུའུ་ཐེན་དབྱི་ཡིས་2024ལོར་ས་མཐོའི་བདེ་ཐང་ལུས་གསོའི་གསོ་རིག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་ཐོག་བཤད།

    ཚད་གཞི་དེ་གཞིར་བཟུང་། ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་ཀྱིས་མཚོ་བོད་ས་མཐོའི་བདེ་ཐང་ལུས་གསོའི་ལྟེ་གནས་བསྐྲུན་ནས། གཅོང་ནད་ཕོག་པའི་ནད་པ་ཆིག་སྟོང་ལྷག་ཙམ་གྱི་ཁྲག་མངར་དང་ཁྲག་ཚིལ་སྙོམས་སྒྲིག་བྱེད་རོགས་བྱས་ཡོད། མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གིས་ནགས་ཚལ་བདེ་ཐང་ལུས་གསོའི་རྟེན་གཞི་དང་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ལ་བརྟེན་ནས་བདེ་ཐང་ལུས་གསོའི་ཐོན་ལས་འཕེལ་རྒྱས་བཏང་བས། “རྒྱལ་ཡོངས་ཀྱི་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་དཔེ་སྟོན་རྫོང”ལ་བདམས་པ་རེད། ས་མཐོའི་བདེ་ཐང་ལུས་གསོའི་གླེང་སྟེགས་སྐབས་གསུམ་པའི་ཐོག《ས་མཐོའི་བདེ་ཐང་ལུས་གསོའི་རྒྱབ་ཤ་སྔོན་པོའི་དེབ(2026)》དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཡོན་ཧྲི་མང་པོས་ཐབས་དང་ཇུས་བཏོན་ནས་བདེ་ཐང་ལུས་གསོའི་ཐོན་ལས་ཚད་ལྡན་ཅན་འཕེལ་རྒྱས་ལ་ཁ་ཕྱོགས་གཏན་འཁེལ་བྱས་པ་རེད།

    ཝུའུ་ཐེན་དབྱི་ཡིས་ཁ་རྒྱུན་དུ“ངེས་པར་དུ་གཞི་རིམ་དུ་སྐྱོད་དགོས”ཞེས་ཤོད་ཀྱི་ཡོད། འབྲོག་ཁུལ་གྱི་གུར་ནང་ཁོང་གིས་ནད་བརྟག་སྨན་བཅོས་བྱེད་པའི་གཟུགས་བརྙན་མཐོང་རྒྱུ་ཡོད་པ་དང་། ཚོད་ལྟ་ཁང་དུ་ལོ་མང་གསོག་འཇོག་བྱས་པའི་གྲངས་གཞི་ཡོད་པ་མ་ཟད། དབྱར་སྒར་དུའང་ཁོང་གིས་གཞོན་ནུ་ལོ་ཆུང་གི་བདེ་ཐང་ལུས་གསོར་དོ་ཁུར་བྱས་པ་མཐོང་རྒྱུ་ཡོད།

    གོམ་པ་རེ་རེ་བཞིན་ས་མཐོར་གཞི་ཚུགས་པ་དང་འཚོལ་ཞིབ་ཀྱི་ལམ་བུ་དེ་ཝུའུ་ཐེན་དབྱི་ཡིས་ད་བར་མུ་མཐུད་རྒྱུན་སྐྱོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།