ཁྲུང་ཆིང་གྲོང་ཁྱེར་ལེང་ཕིང་ཆུས་ཀྲུའུ་ཧྲན་གྲོང་རྡལ་ལེ་ཧྲེན་གྲོང་ཚོར།
རི་ཀླུང་སྔོ་ལྗང་གོས་ཀྱིས་བཀླུབས་པས་འཚོ་བ་བདེ་ཞིང་སྐྱིད།
ལིན་ཡུན་ཀའོ།
ངའི་མིང་ལ་ལིན་ཡུན་ཀའོ་ཟེར། ད་ལོ་ལོ་54ཡིན། ཁྲུང་ཆིང་གྲོང་ཁྱེར་ལེང་ཕིང་ཆུས་ཀྲུའུ་ཧྲན་གྲོང་རྡལ་ལེ་ཧྲེན་གྲོང་ཚོའི་མི་ཡིན། ང་རང་མི་ཚེ་ཕྱེད་ཀ་ལྷག་ཙམ་རི་ཁུག་ནས་ཁ་བྲལ་མྱོང་མེད།
ལོ་ན་གཞོན་དུས། རི་ཁའི་འཚོ་རྟེན་རི་བྱས་ཏེ་འཚོ་བ་བསྐྱལ་བ་དང་། ལོ་བཅོ་བརྒྱད་བཅུ་དགུ་ཙམ་ནས་མི་རྒན་པ་དང་མཉམ་དུ་སྨྱུག་མ་གཅོད་པ་དང་ཤོག་བུ་བཟོ་མྱོང་ཡོད། དེ་ནས་སྔ་རྗེས་སུ་ལོ་20ལྷག་ཙམ་རིང་རྡོ་སོལ་དང་རྡོ་ཞོ་བསྔོགས་པ་ཡིན།
གཏེར་ཁ་སྔོག་པའི་ལས་ཀ་ནི་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་རེད།
རྡོ་ཞོར་ཆུ་སིམ་མི་ཉན་པ་དང་། རྡོ་སོལ་སྔོག་སྐབས་ཝ་སི་འབར་གས་སླ་བས་གང་ཞིག་བྱས་ཀྱང་སྲོག་ཤོར་བའི་ཉེན་ཁ་ཡོད། གཏེར་ཁྲོན་ནང་ལས་ཀ་བྱེད་སྐབས་གནས་ཚུལ་སྣ་ཚོགས་འཕྲད་སྲིད་པས། ང་ཚོས་རྟག་ཏུ་དེ་ནི་རང་སྲོག་གཏའ་མར་བཞག་ནས་ཡོང་འབབ་གསོག་པའི་ལས་ཀ་ཞིག་རེད་ཅེས་ཤོད་ཀྱི་ཡོད།
གཏེར་ཁ་ཡུན་རིང་བསྔོགས་ན། གྲོང་ཚོའི་རྣམ་པ་ཡང་འགྱུར་གྱི་ཡོད། གཏེར་ཁ་བསྔོགས་པའི་རྐྱེན་གྱིས་ཁང་པ་ཁག་གཅིག་ལ་གས་སྲུབས་ཤོར་བ་དང་། གྲོང་ཚོའི་གང་སར་རྡུལ་གྱིས་ཁེངས་པ། ས་འོག་ཆུ་ཇེ་ཉུང་དུ་འགྲོ་བ་སོཌ་ཡོང་གི་ཡོད།
2017ལོར་གྲོང་ཚོའི་རྡོ་ཞོར་གཏེར་ཁུལ་ཚང་མ་སྔོག་མཚམས་བཞག་པ་རེད།
དང་ཐོག་ང་རང་ཡང་དངངས་འཚབ་ལངས་ཤིང་། གཏེར་ཁ་སྔོག་མཚམས་བཞག་ན་ཁྱིམ་ཚང་གི་ཡོང་འབབ་གང་ནས་ཡོང་། འོན་ཀྱང་བསམ་བློ་ཞིབ་མོ་བཏང་ན་བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་གཏེར་ཁ་མུ་མཐུད་སྔོག་མི་ཉན་པའི་གནས་ལུགས་ང་རང་གིས་ཀྱང་གསལ་པོ་རྟོགས་བྱུང་།
སྐབས་དེ་དུས། གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པས་རྟག་ཏུ་ཁྱིམ་ཚང་དུ་བསམ་བློའི་སློབ་གསོ་གཏོང་བར་ཡོང་ནས་སྲིད་ཇུས་སྒྲོག་འགྲེལ་བྱེད་ཀྱིན་ང་ཚོར་འཚོ་ཐབས་འཚོལ་རོགས་བྱས་ཤིང་། ས་ཆ་དགོས་ན་ས་ཆ་འཚོལ་རོགས་དང་མ་དངུལ་མི་འདང་ན་སྐྱེད་ཀ་དམའ་བའི་དངུལ་བུན་གཡར་རོགས་བྱེད་ཀྱི་ཡོད།
དེ་སྔ་ངས་ཟ་ཁང་ཞིག་གཉེར་མྱོང་ཡོད་པས་ཞིང་དུད་སྤྲོ་སྐྱིད་ཁང་ཞིག་གཉེར་རྒྱུའི་བསམ་བློ་འཁོར་བྱུང་། གཏེར་ཁ་སྔོག་མཚམས་བཞག་རྗེས་གྲོང་ཚོའི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་མ་ཟད། ཡུལ་སྐོར་བའང་ཇེ་མང་དུ་སོང་ནས་ཞིང་དུད་སྤྲོ་སྐྱིད་ཁང་གི་ཚོང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད།
ད་ཆ་ངའི་ཞིང་དུད་སྤྲོ་སྐྱིད་ཁང་ནས་དུས་གཅིག་ལ་འགྲུལ་པ་བརྒྱ་དང་ལྔ་བཅུ་དྲུག་ཅུ་ཙམ་ལ་སྣེ་ལེན་ཞུ་ཐུབ་ཀྱི་ཡོད། ཚོང་ལེགས་པའི་སྐབས་སུ་ཟླ་རེའི་ལས་གཉེར་ཡོང་འབབ་སྒོར་ཁྲི་6ཙམ་ཟིན་པ་དང་། ལོ་གཅིག་ལ་ཡོང་འབབ་ཁེ་གཙང་སྒོར་ཁྲི་ཉི་ཤུ་སུམ་ཅུ་ཡོང་གི་འདུག
ལོ་འདི་དག་རིང་། གྲོང་ཚོར་འགྱུར་ལྡོག་མང་པོ་བྱུང་སོང་བས་ང་རང་བློ་ཡིད་ཚིམ་པོ་འདུག
སྔོན་ཆད་རྡོ་ཞོ་སྤུངས་ས་དེ་ད་ཆ་འདམ་རའི་སྤྱི་གླིང་དུ་གྱུར་པ་དང་། སྙིགས་རོ་དབྱུགས་ས་དེ་ཆུ་རྫིང་དང་སྐས་ཞིང་འདམ་རར་གྱུར་ཡོད། རི་འགོའི་ལྗོན་ཤིང་དག་ཀྱང་སྔོ་ཐིང་ངེར་སྐྱེས་པ་དང་། ཆུང་དུས་རྒྱུན་དུ་མཐོང་བའི་སྲིན་བུ་མེ་ཁྱེར་ཡང་སླེབས་འདུག
གྲོང་ཚོའི་མདུན་ཕྱོགས་ནི་སྔར་རྒྱུན་བཞིན་རི་བོ་འདི་ཡིན་ནའང་། ང་ཚོས་སྐྱེལ་བའི་འཚོ་བ་ནི་དེ་སྔོན་དང་མི་འདྲ་བར་རང་བྱུང་ཁམས་ལོངས་སུ་སྤྱོད་པའི་འཚོ་བ་ཡིད་དུ་འོང་བ་ཞིག་རེད།
གཏེར་ཁ་འདོན་པ་ནས་གཏེར་ཁ་སྔོག་མཚམས་བཞག་པ་དང་། གཏེར་རི་སླར་གསོ། ཡུལ་སྐོར་དར་རྒྱས་བཅས་ཀྱི་བར་ང་ཚོ་ལེ་ཧྲེན་གྲོང་ཚོའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཀྱག་ཀྱོག་ཆེ་བ་ཞིག་ཡིན། འོན་ཀྱང་ཁ་ཕྱིར་བསྐོར་ནས་བལྟས་ན་བགྲོད་ལམ་དེ་ནི་ཡང་དག་པ་ཞིག་རེད། རི་ཁའི་འཚོ་རྟེན་རི་བྱས་ནས་འཚོ་བ་སྐྱེལ་དགོས་མོད། ཐོག་མར་རི་བོ་སྔོ་འགྱུར་དང་སྲུང་སྐྱོང་གང་ལེགས་བྱེད་དགོས། རི་ཀླུང་སྔོ་ལྗང་གོས་ཀྱིས་བཀླུབས་པ་དང་ཆུ་མོ་དྭངས་གཙང་དང་ལྡན་པས། ཡུལ་སྐོར་བ་མང་པོ་སླེབས་ནས་ང་ཚོའི་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བཞིན་ཡོད།
(རྩོམ་པ་པོ་ནི་ཁྲུང་ཆིང་གྲོང་ཁྱེར་ལེང་ཕིང་ཆུས་ཀྲུའུ་ཧྲན་གྲོང་རྡལ་ལེ་ཧྲེན་གྲོང་ཚོའི་ཡུལ་མི་ཡིན་པ་དང་། འདི་ག་ཚགས་པར་གྱི་གསར་འགོད་པ་ཝང་ཤིན་གཡོད་ཀྱིས་བཅར་འདྲི་ལེགས་བསྡུས་བྱས)
འབྲེལ་ཡོད་གསར་འགྱུར།