ཚོང་དོན་པུའུ་སོགས་སྡེ་ཚན་8ཀྱིས་བྱ་སྤྱོད་ཇུས་གཞི་བཀྲམ་ནས།
རིག་ནུས་ཁྱིམ་ཆས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ།
ཉེ་ཆར། ཚོང་དོན་པུའུ་སོགས་སྡེ་ཚན་8ཀྱིས《རིག་ནུས་ཁྱིམ་ཆས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཇུས་གཞི》བཀྲམ་པ་རེད།
ཁྱིམ་ཆས་ཀྱི་འཛད་སྤྱོད་གཞི་ཁྱོན་ཆེ་བ་དང་། ཁྱབ་རྒྱ་ཆེ་བ། ཐོན་ལས་འཁོར་འབྲེལ་རིང་བ་བཅས་ནི་གྲོང་མིའི་འཛད་སྤྱོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དམངས་འཚོར་ཕན་འདོགས་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་ཟུང་འབྲེལ་བྱེད་པའི་ཁྱབ་ཁོངས་གལ་ཆེན་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། ལག་རྩལ་རིམ་སྤོར་བྱེད་མགྱོགས་སུ་ཕྱིན་པ་དང་གྲོང་མིའི་འཚོ་བ་སྤུས་ཚད་ཅན་གྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་ཆབས་ཅིག རིག་ནུས་སྡོད་ཁྱིམ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཁྲོམ་ར་བཟུང་ཚད་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད།
བྱ་སྤྱོད་ཇུས་གཞིའི་ནང་། སྤུས་ལེགས་རིག་ནུས་སྡོད་ཁྱིམ་མཁོ་སྤྲོད་ཆེར་གཏོང་དང་། རིག་ནུས་སྡོད་ཁྱིམ་གྱི་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུ་ལེགས་སུ་གཏོང་བ་སོགས་བྱེད་ཐབས་ཁག་7བཏོན་པ་དང་གཙོ་བོ་གཤམ་གསལ་གྱི་ཕྱོགས་ཁག་4མངོན་གསལ་དོད་པ་སྟེ།
གཅིག་ནི་མཁོ་སྤྲོད་མཉམ་སྒྲུབ་མཐའ་འཁྱོངས་བྱེད་པ། ཐོན་སྐྱེད་ཁེ་ལས་ལ་ལྕག་སྐུལ་བྱས་ཏེ་རིག་ནུས་སྡོད་ཁྱིམ་གྱི་ཐོན་རྫས་ཞིབ་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་། སྡོད་ཁྱིམ་ཚོང་ས་དང་ཉོ་སྒྲུབ་ལྟེ་གནས་སོགས་སུ་རིག་ནུས་སྡོད་ཁྱིམ་ཉམས་ལེན་ལྟེ་གནས་དང་། ཁྱིམ་ཆས་རིག་ནུས། གྲངས་འཛིན་ཁྱིམ་ཚང་གི་དཔེ་མཚོན་ཁང་པ་བཅས་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ། དངུལ་རྩའི་སྒྲིག་གཞིར་ཁྲིད་སྟོན་བྱས་ནས་རིག་ནུས་ཁྱིམ་ཆས་ཀྱི་འཛད་སྤྱོད་སོགས་ལ་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉིས་ནི་སྣ་མང་མཉམ་འདྲེས་ཀྱི་ཁོར་ཡུག་གཏོད་པ། རིག་ནུས་སྡོད་ཁྱིམ་ཕན་ཚུན་སྦྲེལ་མཐུད་ཐད་གནས་པའི་འགག་གནད་ལ་དམིགས་ཏེ་རིག་ནུས་སྡོད་ཁྱིམ་གྱི་ཐོན་རྫས་རིག་ནུས་ཅན་གྱི་རིམ་དབྱེ་གདེང་འཇོག་གི་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རིག་ནུས་སྡོད་ཁྱིམ་ཕན་ཚུན་སྦྲེལ་མཐུད་སོགས་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་མགྱོགས་མྱུར་བཟོས་ནས་ལག་བསྟར་བྱེད་དགོས། གསུམ་ནི་ཚོགས་སྤྱི་མི་འདྲ་བར་གནད་སྨིན་ཞབས་འདེགས་ཞུ་བ། རྒྱ་ཆེའི་འཛད་སྤྱོད་པའི་ཁྱད་པར་ཆེ་བའི་དགོས་མཁོར་དམིགས་ནས་སྡོད་ཁྱིམ་མཛེས་བཟོ་ཁེ་ལས་དང་ལས་སྟེགས་ཆེ་གྲས་ཁག་གཅིག་མགྱོགས་མྱུར་གསོ་སྐྱོང་བྱེད་པ་དང་། རང་གཤིས་ཅན་དང་སྣ་མང་ཅན་གྱི་མཛེས་བཟོ་ཁྱབ་གདལ་གཏོང་བ། མངགས་བཟོ་རྣམ་པ་དང་། མངགས་ཐོ་རྣམ་པ། ཁ་ཆད་རྣམ་པ་བཅས་ཀྱི་ཞབས་ཞུ་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། བཞི་ནི་དམངས་ཕན་ཞབས་ཞུའི་འཁོར་འབྲེལ་ཤར་གཏོང་བྱེད་པ། སྡོད་ཁྱིམ་དང་མཛེས་བཟོའི་ཁྱབ་ཁོངས་ཀྱི་ལེ་ལག་ཚང་བའི་ཞབས་ཞུ་སྟབས་བདེ་མེད་པའི་གནད་དོན་ལ་དམིགས་ཏེ། ས་གནས་ཁག་གིས་ཚན་རིག་དང་མཐུན་པའི་སྒོ་ནས་སྡོད་ཁྱིམ་རྙིང་པ་ཚུར་བསྡུའི་ལས་ཚིགས་འཛུགས་པར་མཛུབ་ཁྲིད་བྱེད་པ་དང་། ཁེ་ལས་ཀྱིས“གསར་སྐྱེལ+རྙིང་བསྡུ”དང“དྲ་སྦྲེལ+ཚུར་བསྡུ”སོགས་ཀྱི་ཞབས་ཞུ་མཁོ་འདོན་ལ་ལྕག་སྐུལ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།