དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུའུ་ཡིས་སློབ་མ་གསར་པ་སློབ་གྲྭར་འགྲོ་བའི་དུས་ཚིགས་ལ་མགོ་སྐོར་འོག་མ་ཚུད་པ་བྱེད་དགོས་པའི་དྲན་སྐུལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-09-18

    སློབ་མ་གསར་པ་སློབ་གྲྭར་འགྲོ་བའི་དུས་ཚིགས་འཆར་སྐབས་སྒྲིག་གཞིའམ་ཡང་ན་ཁྲིམས་འགལ་བ་ཁག་གཅིག་གིས་ཐོབ་ཐང་རྫུན་མ་བཟོ་བ་དང་ཆ་འཕྲིན་རྫུན་མ་སྤེལ་བ་སོགས་ཀྱི་བྱེད་སྟངས་སྣ་ཚོགས་སྤྱད་དེ་མགོ་སྐོར་གཏོང་གི་ཡོད་པས། སློབ་གསོ་པུས་ཉེ་དུས་ཀྱི་དཔེ་མཚོན་གྱོད་དཔེ་ཁག་གཅིག་དང་ཟུང་འབྲེལ་བྱས་ནས་དྲན་སྐུལ་བྱས་པ་རེད།

    རིགས་དང་པོ་ནི“ནང་ཁུལ་གྱི་མིང་སྐལ”དང“གསབ་བསྡུའི་མིང་སྐལ”ཡོད་ཚུལ་བཤད་ནས་མགོ་སྐོར་གཏོང་བ་དེ་རེད། ཧན་ཆེ་གེ་མོས་རང་ཉིད་ལ“ནང་ཁུལ་གྱི་འབྲེལ་བ”དང“དམིགས་བསལ་གྱི་ཐབས་ཤེས”ཡོད་ཚུལ་བཤད་དེ་མཐོ་རྒྱུགས་སྐར་གྲངས་ཀྱི་ཚད་གཞི་མ་ལོན་པའི་སློབ་མ་མཐོ་སློབ་ལ་འཇུག་ཐུབ་ཅེས་ཤོད་ཀྱི་ཡོད། ལུའུ་ཆེ་གེ་མོས་མཐོ་སློབ་ཀྱི་སློབ་བསྡུའི་བརྡ་ཐོ་རྫུན་བཟོ་བྱས་པ་དང་། མི་གཞན་དག་ལ་མཐོ་སློབ་ཀྱི་དགེ་རྒན་ནམ་ཡང་ན་འགོ་ཁྲིད་ཡིན་ཁུལ་བྱེད་དུ་བཅུག་ནས་ཁྱིམ་བདག་ལ“སློབ་ཞུགས་འགྲོ་ལུགས་ཧུར་ཐག་གཉེར་བཞིན་པར”ཁ་གཡར་ནས་མགོ་སྐོར་འོག་ཚུད་མཁན་མང་པོའི་ས་ནས་སྒོར་ཁྲི་1000ལྷག་ཙམ་ཁ་བསླུས་བརྒྱབ་ཡོད། སློབ་གསོ་པུས་དྲན་སྐུལ་བྱས་དོན། སློབ་མ་བསྡུ་སྐབས་སྐར་གྲངས་དང་། འདོད་འདུན། འཆར་གཞི་བཅས་ལ་ནན་པོ་གཞིགས་ཀྱི་ཡོད་པས་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་ཁ་གསལ་ཡིན་སྟབས“ནང་ཁུལ་གྱི་མིང་སྐལ”དང་། “དམིགས་བསལ་རྒྱུགས་བསྡུའི་མིང་སྐལ” “ནང་ཁུལ་ནས་སྐར་མ་བཅག་སྟེ་གསབ་བསྡུ”སོགས་ཚད་ལྡན་མིན་པའི་ཐབས་ལམ་གང་ཡང་མེད། ཞིང་ཆེན་རིམ་པའི་སློབ་བསྡུ་ཡིག་རྒྱུགས་སྒྲིག་གཞིས་སློབ་བསྡུའི་འཆར་གཞི་འགྲུབ་མེད་པ་དྲ་ཐོག་ཏུ་ཡོངས་བསྒྲགས་ངང་འདོད་འདུན་བསྡུ་རུབ་བྱས་ཏེ། གསབ་བསྡུའི་བརྒྱུད་རིམ་ཧྲིལ་པོ་ཁ་གསལ་ཡོངས་བསྒྲགས་དང་ཆ་འཕྲིན་ཚང་མ་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ཁག་ཐེག་དངུལ་དང་། སློབ་བསྡུའི་རིན་པ། མིང་སྐལ་རིན་པ་སོགས་བསྐྱལ་རྗེས་སློབ་མ་གསབ་བསྡུ་བྱེད་ཀྱི་ཡོད་པའི་རིགས་ཚང་མ་ཁ་བསླུས་རྒྱག་མཁན་རེད།

    རིགས་གཉིས་པ་ནི་སློབ་ཚུད་བརྡ་ཐོ་འདྲ་བཟོ་བྱས་ནས་སློབ་ཡོན་དང་ཉལ་ཁང་གི་རིན་པ་གཡོ་ལེན་བྱེད་པ་དེ་རེད། ཀྲང་ཆེ་གེ་མོས་མཐོ་སློབ་ག་གེ་མོའི་སློབ་ཞུགས་འོས་སྦྱོར་ཡི་གེ་དང་། སློབ་ཚུད་བརྡ་ཐོ། སློབ་གླིང་གི“ཕུལ་བྱུང་མི་སྣ་གསོ་སྐྱོང་འཆར་གཞིའི”ཇུས་གཞི་སོགས་དཔྱད་གཞི་རྫུན་མ་ཆ་ཚང་བཟོས་ཏེ་སྐད་འཕྲིན་བརྒྱུད་ཡིག་རྒྱུགས་གཏོང་མཁན་ཁྱིམ་བདག་ལ་བསྐུར་ནས་སློབ་ཞུགས་ཀྱི་ཐོ་འགོད་རིན་པ་དང་། འགྲོ་ལུགས་གཉེར་བའི་རིན་པ། ཉལ་ཁང་གི་རིན་པ་བཅས་སྐྱེལ་དགོས་པར་ཁ་གཡར་ཏེ་སྔ་རྗེས་སུ་ཡིག་རྒྱུགས་གཏོང་མཁན་སློབ་མ་དང་ཁྱིམ་བདག་གི་ས་ནས་སྒོར་ཁྲི་10ལྷག་ཙམ་ཁ་བསླུས་བརྒྱབ་ཡོད། སློབ་གསོ་པུས་དྲན་སྐུལ་བྱས་དོན། ཡིག་རྒྱུགས་གཏོང་མཁན་སློབ་མས་ཞིང་ཆེན་རིམ་པའི་སློབ་བསྡུ་ཡིག་རྒྱུགས་སྒྲིག་གཞིས་ཡོངས་བསྒྲགས་བྱས་པའི་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་རང་ཉིད་སློབ་གྲྭར་ཚུད་ཡོད་མེད་འདྲི་རྩད་བྱེད་དགོས་པ་དང་། སློབ་ཚུད་བརྡ་ཐོའི་ནང་དོན་དང་སློབ་ཚུད་ཆ་འཕྲིན་གཅིག་མཚུངས་ཡིན་མིན་ལ་ཞིབ་དཔྱད་བྱེད་དགོས། སློབ་ཡོན་སྐྱེལ་སྐབས་སྤྱིར་ན་ཚད་ལྡན་གྱི་གཅིག་གྱུར་ཡོངས་བསྒྲགས་ཐབས་ལམ་ཡོད་པས“སློབ་ཡོན”དང་། “ཁག་ཐེག་དངུལ” “ཉལ་ཁང་གི་རིན་པ”སོགས་མི་སྒེར་གྱི་རྩིས་ཁྲའི་ནང་བསྒྱུར་དགོས་པའི་རེ་བ་འདོན་མཁན་ཚང་མ་ཁ་བསླུས་རྒྱག་མཁན་རེད།

    རིགས་གསུམ་པ་ནི“ལོ་རིམ་རྒན་པའི་སློབ་མ”ཡིན་ཁུལ་བྱས་ནས་སློབ་མ་གསར་པར་མགོ་སྐོར་གཏོང་བ་དེ་རེད། ཉེ་དུས་མཐོ་སློབ་མང་པོ་ཞིག་གིས་དྲ་རྒྱའི་ལས་སྟེགས་སུ་དབང་སྤྲོད་མ་བྱས་པའི་རང་སྨྱན་སྦྱོར་འབོར་ཆེན་ཞིག་ཐོན་ཏེ“ལོ་རིམ་རྒན་པའི་སློབ་མའི”མིང་ཐོག་ནས་སློབ་མ་གསར་པའི་གཞུང་ཕྱོགས་མིན་པའི་ཚོགས་པ་བཙུགས་ཏེ་སློབ་མ་གསར་པའི་མི་སྒེར་གྱི་ཆ་འཕྲིན་གང་བྱུང་བསྡུ་རུབ་ཀྱིས་དོན་དངོས་དང་མ་མཐུན་པའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཀྱི་ཡོད། སློབ་གསོ་པུས་དྲན་སྐུལ་བྱས་དོན། མཐོ་སློབ་ཀྱི་སློབ་མ་གསར་པའི་གཞུང་ཕྱོགས་ཚོགས་པ་སྤྱིར་བཏང་བྱས་ན་སློབ་ཚུད་བརྡ་ཐོ་དང་སློབ་གྲྭའི་གཞུང་ཕྱོགས་དྲ་བ་སོགས་ཚད་ལྡན་གྱི་ཐབས་ལམ་བརྒྱུད་ནས་ཡོངས་བསྒྲགས་བྱེད་ཀྱི་ཡོད་པས། རང་སྨྱན་སྦྱོར་ལས་སྟེགས་ཀྱི“དགེ་རྒན”དང“ལོ་རིམ་རྒན་པའི་སློབ་མ”ཡིན་ཟེར་མཁན་གྱིས་ཁྱབ་བསྒྲགས་བྱས་པའི་རིན་བསྡུའི་བརྡ་ཐོར་ཡིད་ཆེས་བྱེད་མི་རུང་བ་དང་མི་སྒེར་གྱི་རྩིས་ཁྲར་ཨང་བཤེར་དངུལ་སྒྱུར་དགོས་པའི་རེ་བ་འདོན་པའི་རིགས་ཚང་མ་སྔོན་ལ་སློབ་གྲྭའི་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ངེས་པར་དུ་བདེན་མིན་ཞིབ་དཔྱད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།