ཏང་འཛུགས་སྐྱོང་ལ་བརྟེན་ནས་སྦྲག་སྲིད་ལ་སྣེ་ཁྲིད་བྱས་པ།
—— ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་ས་མཐོའི་སྐྱེ་ཁམས་བེ་ཤའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་གསར་བཏོད་པའི་སྐོར་བཀོད་པ།
ད་ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས“དམར་མདངས་ཆབ་མདོ། དར་རྒྱས་འབད་འབུངས”ཀྱི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོའི་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྦྲག་སྲིད་ལ་སྣེ་ཁྲིད་བྱས་པ་དང་། “ལོ་ཟླར་བྲེལ་འཚུབ་ཀྱིས་ཁེངས་ཀྱང་སྨར་ཁམས་ནམ་ཡང་དར་ཞིང་རྒྱས”པའི་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་གཏམ་རྒྱུད་ཡག་པོ་བཤད་དེ། བེ་ཤ་འཐུ་བའི་དུས་ཚིགས་སུ་ནགས་ཁྲོད་ཀྱི་ཐོན་ཁུངས་དང“དམའ་དབྱིངས་དཔལ་འབྱོར”གྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ནས། ས་མཐོའི་ཞིང་འབྲོག་ནགས་ཁྲོད་ཁྱད་ལྡན་ཐོན་རྫས་བོད་ནས་རྒྱལ་ཡོངས་སུ་གཏོང་ཐུབ་པར་གཡས་གཞོགས་གཡོན་འདེགས་བྱས་ཡོད།
སྨར་ཁམས་རྫོང་གིས་རྫོང་ཨུད་རྩ་འཛུགས་པུའུ་དང་། རྫོང་སྦྲག་སྲིད་ཀུང་སི། འགན་ནུས་སྡེ་ཚན་ཁག་བཅས་ལས་གྲུབ་པའི་ཆེད་དོན་ཚན་ཁག་བཙུགས་པ་དང་། གྲོང་ཚོའི་ཏང་ཀྲི་པུའུ་19དང“རྣམ་གསར་གཉིས”ཀྱི་ཏང་ཀྲི་པུའུ་7གྱིས་མཉམ་དུ་འགག་སྒྲོལ་བྱས་ཏེ། གོང་འོག་སྦྲེལ་མཐུད་ཐུབ་པ་དང་སྲིད་གཞུང་དང་ཁེ་ལས་མཉམ་འགུལ་བྱེད་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལས་ཀའི་རྣམ་པ་བཏོད་ནས། རྩ་འཛུགས་ཀྱི་གཡུལ་ས་དེ་ནགས་རིའི་ཐོན་ལས་ཀྱི་མདུན་གྲལ་དུ་སྣུར་སྲིང་གིས་ས་མཐོའི་སྐྱེ་ཁམས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད།
སྨར་ཁམས་རྫོང་གིས་མི་མེད་གནམ་གྲུར་བརྟེན་ནས་བེ་ཤ་འཐུ་སྐབས“མཁའ་དབྱིངས་སྐྱེལ་འདྲེན་གྱི་བར་ཁྱམས”བཏོད་དེ་སྐྱེ་ཁམས་ཐོན་རྫས་རི་ཁུལ་ནས་ཐོན་པའི་འགག་གནད་སེལ་ཡོད། མི་མེད་གནམ་གྲུ་སྤྱད་དེ་བརྒྱུད་འདྲེན་བྱས་རྗེས་སྐྱེལ་འདྲེན་གྱི་དུས་ཚོད་90%མགྱོགས་སུ་ཕྱིན་པ་དང་། སོས་ཉར་དུས་ཚོད་50%བར་ཐུང་དུ་ཕྱིན་པ། ཉོ་སྒྲུབ་ཀྱི་རིན་གོང་20%མཐོ་རུ་ཕྱིན་ཡོད། དམའ་དབྱིངས་སྐྱེལ་འདྲེན་དང་། ཐོན་ཡུལ་དུ་གྲང་བཟོ། གྲང་ཕྲེང་མྱུར་འདྲེན། སྤུས་རྟགས་ཕྱིར་ཚོང་བཅས་ཆ་ཚང་བའི་གདུབ་ཟུམ་བྱེད་སྟངས་ཆགས་པར་བྱས་ཏེ། རི་ཁུག་ནགས་ཁྲོད་ནས་རྒྱལ་ནང་གི་འཛད་སྤྱོད་ཁྲོམ་རར་ཐད་ཀར་ཤར་གཏོང་ཐུབ་པའི་འཁོར་རྒྱུག་མྱུར་ལམ་ཞིག་བཏོད་ཡོད།
དེ་དང་ཆབས་ཅིག འཁྱུག་དབྱིངས་དང་སྐད་འཕྲིན་སོགས་ཀྱི་ལས་སྟེགས་བརྒྱུད་ཐོན་རྫས་ཀྱི་སྔོན་བརྡ་གཏོང་བ་དང་དེ་ནས་ཚོང་གཉེར་ཚོགས་པས་སྔོན་ཚོང་བྱེད་ཀྱི་ཡོད། ལས་སྟེགས་སུ་སྐད་གྲགས་ལྡན་པའི་བརྡར་པ་ཐད་གཏོང་དང་། དཔྱད་སྡོམ། ཟོག་ཚོང་བཅས་ནང་ཞུགས་རྒྱུར་གདན་དྲངས་ཡོད།
བེ་ཤ་སོགས་ཞིང་ལས་ཁྱད་ལྡན་ཐོན་རྫས་ས་ཁོངས་ཡོངས་སུ་རིན་མེད་ཀྱི“གཅིག་འཐུས་རྣམ་པའི”བསྐུར་སྐྱེལ་གྱི་དམངས་ཕན་ཞབས་ཞུ་ཁྱབ་གདལ་བཏང་བ་དང་། རིམ་རྩིས་བརྒྱབ་ན་སྦྲག་གླ་མི་དགོས་པའི་དངོས་ཟོག་ཁག་6853ཟིན་པ་དང་བསྡོམས་ཏུན་42.6ཟིན་ནས“ཏང་འཛུགས་སྐྱོང་དང་། ལས་སྟེགས། བསྐུར་སྐྱེལ། དངུལ་རྩ། སྦྲག་གླ་མི་དགོས་པ”བཅས་ཟུང་དུ་འབྲེལ་བའི་ཞབས་ཞུ་ཕྱོགས་ཡོངས་ལ་ཁྱབ་ཡོད།
“སྨར་ཁམས་ཀྱི་བེ་ཤར་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་རེ་བ་ཆེན་པོ་བཅངས་ཡོད། དེ་སྔ། སོས་ཉར་དཀའ་བ་དང་། བསྐུར་སྐྱེལ་དཀའ་བ། དབོར་དཀའ་བ་སོགས་ཀྱི་གནད་དོན་གྱིས་སྤུས་ཚད་མཐོ་བའི་བེ་ཤ་རྒྱལ་ནང་གི་ཁྲོམ་རར་འདོན་པར་ཡུན་རིང་ཚོད་འཛིན་ཕོག་ཡོད”ཅེས་རྫོང་དེའི་སྦྲག་སྲིད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་སྤྱི་ཁྱབ་ཅིང་ལི་ཀྲང་ཀྲེ་ཕུང་གིས་བརྗོད་པ་དང་། ཁོང་གིས“ད་ཆ། ཕྱོགས་བསྡུས་ཅན་གྱི་ཟོག་འགྲུལ་མ་ལག་མགྱོགས་པོ་གྲུབ་པ་དང་བསྟུན་ནས་དཀའ་གནད་དེ་བསལ་ཐུབ་སྟེ་ཉིན་གཅིག་ནང་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་བཅས་སུ་སྐྱེལ་ཐུབ་ཀྱི་ཡོད”ཅེས་བརྗོད།
གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཞིང་འབྲོག་པ་བེ་ཤ་ཐོན་སྐྱེད་དང་། མཁོ་ཚོང་། ཕྱིར་ཚོང་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པའི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཐག་ཉེ་ས་ནས་མང་ཚོགས་ཁྲི་3.7ལྷག་ཙམ་ལས་ཞུགས་ཐུབ་པས་ཁྱིམ་གྱི་སྒོ་རྩར་འབབ་འཕར་བྱུང་ནས། སྤུས་ལེགས་ཀྱི་ནགས་ཁྲོད་སྐྱེ་ཁམས་ཐོན་ཁུངས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་ལ་དངོས་འབྲེལ་གྱུར་ཡོད། མིག་སྔའི་བར། རྫོང་ཡོངས་ཀྱི་བེ་ཤའི་ཐོན་འབབ་ཏུན་325.8ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་5212.9ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།