རྒྱལ་ཡོངས་ཀྱི་རིག་གནས་དང་སྐྱེ་ཁམས་ཡུལ་སྐོར་སྤུས་རྟགས་གསར་གཏོད་དབུ་ཚོགས་ཐོག་མཚོ་སྨད་ཀྱི་སྤུས་རྟགས་མངོན་གསལ་དོད་པ།
ཉེ་ཆར། 2026ལོའི་རྒྱལ་ཡོངས་ཀྱི་རིག་གནས་སྐྱེ་ཁམས་ཡུལ་སྐོར་སྤུས་རྟགས་གསར་གཏོད་ཀྱི་དབུ་ཚོགས་ཧྲན་ཤིས་ཐེ་ཡོན་དུ་འཚོགས་པ་རེད། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་ཚོགས་ཞུགས་དཔུང་ཁག་གིས“ས་མཐོའི་དྭངས་གསལ་མུ་ཏིག ཚོན་མདོག་རྣམ་པར་བཀྲ་བའི་མཚོ་སྨད”ཅེས་པའི་སྤུས་རྟགས་ཆེད་དོན་འོས་སྦྱོར་བྱས་པ་དང་། སྐྱེ་ཁམས་ཐོན་ཁུངས་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས། རིག་གནས་བསམ་བཀོད་ཐོན་རྫས་བཅས་གཅིག་སྡུད་འགྲེམས་སྟོན་བྱས་ཐོག ས་གནས་ཁག་གི་རིག་གནས་ཡུལ་སྐོར་ལས་རིགས་ལ་མཉམ་ལས་བྱེད་སེམས་མཚོན་པར་བྱས་ཡོད།
སྐབས་འདིའི་དབུ་ཚོགས་ཐོག“རི་ཆུའི་མི་ཆོས་རིག་གནས། འབྱུང་འགྱུར་ལ་མཐུན་རྐྱེན་སྦྱོར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་རྒྱུན་འཛིན། ཐོན་ལས་གསར་གཏོད་བཅས་ལ་དམིགས་ཏེ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཁྱོན་22ཀྱི་རིག་གནས་ཡུལ་སྐོར་ཀྱི་འཐུས་མི་ཚོགས་པ་འགྲེམས་སྟོན་ནང་ཞུགས་པ་རེད། མཚོ་སྨད་རྫོང་གིས་ལས་སྟེགས་དེར་བརྟེན་ནས་ས་མཐོ་ནས་ཐོན་ཏེ། རྒྱལ་ཡོངས་ཀྱི་ཁྲོམ་ར་དང་འབྲེལ་མཐུད་ཀྱིས་མཐོང་ཐུབ་པ་དང་། ཚོར་ཐུབ་པ། གཞན་འགྱུར་ཐུབ་པ་བཅས་ཀྱི་རིག་གནས་ཡུལ་སྐོར་ནང་དོན་གཙོ་གནད་དུ་འོས་སྦྱོར་བྱས་པ་རེད།
འོས་སྦྱོར་གྱི་ལྷུ་ཚིགས་སུ་མཚོ་སྨད་རྫོང་གིས་གུ་རུ་ལྷ་མཚོ་དང་གྲི་གུ་རྩྭ་ཐང་སོགས་ལྟེ་བའི་ཐོན་ཁུངས་གཙོ་གནད་ཐོག་ངོ་སྤྲོད་བྱས་པ་དང་།ས་གནས་ས་ཐོག་ཏུ་བརྙན་པར་དཔྱད་ཡིག་དང་ཟུང་འབྲེལ་བྱས་ཏེ་ཡུལ་དེས“མི་རིགས་མཐུན་སྒྲིལ+རིག་གནས་ཡུལ་སྐོར་མཉམ་འདྲེས”ཀྱི་སྐྱེ་ཁམས་ཐོན་ཁུངས་ཕན་སྒྱུར་དང་དམངས་སྲོལ་རིག་གནས་ཀྱི་གསོན་ཤུགས་འཕེལ་བའི་ལག་ལེན་ཐབས་ལམ་འགྲེམས་སྟོན་བྱས་པ་རེད།
མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱ་རྒྱུ་དེ་ས་གནས་ས་ཐོག་གི་དོ་ཁུར་བྱ་ཡུལ་གཙོ་བོར་གྱུར་ཞིང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་བྲག་རྩའི་རྒྱན་གོས་འགྲེམས་སྟོན་ཐོག་འཁྲབ་སྟོན་པ་ཚོས་ལུས་ལ་ཚོན་རིས་སྣ་ཁ་འཛོམས་པ་དང་ཚོས་མདོག་གནའ་ཉམས་དོད་པའི་ལག་ཤེས་རྒྱན་གོས་སྤྲས་ནས་ངོམ་སྟོན་བྱས་པ་དང་ཆབས་ཅིག་ཏུ་འགྲེལ་བཤད་པས་དེ་དང་ཝུན་ཤིང་ཀོང་ཇོའི་དབར་གྱི་འབྲེལ་ཡོད་ལོ་རྒྱུས་ངོ་སྤྲོད་བྱས་པ་རེད།
རིག་གནས་བསམ་བཀོད་འགྲེམས་སྟོན་ཡང་དུས་མཚུངས་སུ་བྱས་ཤིང་། མཚོ་སྨད་རྫོང་གིས་ས་གནས་ས་ཐོག་ཏུ་གུ་རུ་ལྷ་མཚོ་དྲི་ཞིམ་སྒྲིག་ཆས་དང་། སྒོ་བསྡུས་ཀྱི་འཁྱགས་སྒམ་ལ་སྦྱར་ཆས། གྲི་གུའི་མཛེས་ལྗོངས་ཁུལ་གྱི་སྡེབ་སྒྲིག་པར་རིས། ཁྱད་ལྡན་རིག་གནས་བསམ་བཀོད་ཞྭ་མོ་སོགས་ཐོན་རྫས་200ལྷག་ཙམ་སྤྲད་དེ་རི་ཆུའི་མཛེས་ལྗོངས་དང་ས་ཁོངས་ཀྱི་རིག་གནས་མཚོན་རྟགས་ཞིབ་ཕྲ་མངོན་པར་བྱས་ཐོག“མཚོ་སྨད་ཀྱི་དྲན་ཤེས”ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།