དབུ་ཤོག
  • ཉེ་དུས་ལྷ་སར་ཆར་ཞོད་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ཅི་ཞིག་ཡིན་ནམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-09-17

    ཉེ་ཆར། ཉིན་ཤས་བསྟུད་མར་ལྷ་སར་ཞོགས་པ་གནམ་འཐིབས་ནས་ཆར་པ་བབས་ཀྱི་ཡོད། 

    ཀློག་པ་པོ་མི་ཉུང་བ་ཞིག་གིས“དེ་སྔའི་དུས་མཚུངས་དང་བསྡུར་ན་ད་ལོ་ཆར་ཞོད་ཆེ་བ་ཡོད་དམ”དང“གནམ་ག་དུས་དྭངས་ཀྱི་རེད་དམ”ཞེས་འདྲི་གི་ཡོད།

    དེའི་ཐད་གསར་འགོད་པས་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་འབྲེལ་ཡོད་ལས་དོན་པར་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བར་ཉེ་དུས(ཟླ་9ཚེས་9ནས་15ཉིན་བར)ལྷ་སར་ཆར་ཞོད་ཆེ་བ་དང་དྲོད་ཚད་དམའ་ཙམ་ཡོད། ཆར་པ་འབབ་ཚད་ཧའོ་སྨི་25.7ཟིན་པ་དེ་རྒྱུན་གཏན་གྱི་དུས་མཚུངས(ཧའོ་སྨི་16.7)ལས་བཅུ་ཆ་5ཡིས་མང་བ་ཡོད་པ་དང་། ཆ་སྙོམས་དྲོད་ཚད་14.1℃ཟིན་པ་དེ་རྒྱུན་གཏན་གྱི་དུས་མཚུངས(14.5℃)ལས་0.4℃དམའ་བ་ཡོད་ཅེས་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཁྲེན་ཐའོ་ཡིས་གསར་འགོད་པར་བཤད།

    ཉེ་དུས་ཆར་ཞོད་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ཅི་ཞིག་ཡིན་ནམ། 

    རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་ལག་རྩལ་ཆེ་མོ་བ་ཤིས་ཧྥུང་གིས། སྟོན་དུས་ནི་དབྱར་རླུང་དགུན་རླུང་ལ་འགྱུར་བའི་བར་བརྒལ་དུས་ཚིགས་ཤིག་ཡིན་པས་བརྒྱུད་རིམ་རང་བཞིན་གྱི་གནམ་གཤིས་བསྟན་སླ་པོ་ཡོད་ཅེས་བཤད། 

    “ཉེ་དུས་རང་ལྗོངས་ཀྱི་དུས་ཐུང་དང་དུས་འབྲིང་གི་གནམ་གཤིས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་བལྟས་ན། དུས་འགོར་རང་ལྗོངས་ལ་མཁའ་དབྱིངས་རླུང་ཡུར་དང་རླུང་ཕྱོགས་ལྡོག་མཚམས་ཀྱི་ཤུགས་རྐྱེན་རྒྱུན་མཐུད་ཕོག་ཡོད། མཁའ་རླུང་དྲོ་གྲང་བརྗེ་རེས་དང་། སྒུལ་ཤུགས་ཆ་རྐྱེན། ཆུ་རླངས་ཆ་རྐྱེན་བཅས་མཐུན་སྦྱོར་ཡག་པོ་བྱུང་བས། ཉེ་དུས་རང་ལྗོངས་སུ་ཆར་པ་མང་བ་དང་ཆར་པ་འབབ་ཡུན་རིང་པོ་ཡོད”ཅེས་ཤིས་ཧྥུང་གིས་བཤད། 

    ཕྱིས་སུ་གནམ་གཤིས་ཇི་འདྲ་བསྟན་རྒྱུ་ཡིན་ནམ། 

    མིག་སྔའི་གནམ་གཤིས་དཔྱད་གཞིར་དབྱེ་ཞིབ་བྱས་པར་གཞིགས་ན། ཚེས་18ཉིན་གྱི་གོང་དུ་རང་ལྗོངས་ཀྱི་དབུས་ཤར་རྒྱུད་དང་ལྷོ་རྒྱུད་དུ་སྔར་བཞིན་ཆར་ཞོད་ཆེ་ཙམ་ཡོད། ཆར་པ་འབབ་ས་གཙོ་བོ་ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོའི་ས་ཆ་མང་ཆེ་བ། ནག་ཆུའི་དབུས་ཤར་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་ཡིན་ཞིང་། ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ། དེའི་ནང་ཉིང་ཁྲིའི་ས་བབ་དམའ་བའི་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་ནས་དྲག་ཆར་འབབ་རྒྱུ། ཡར་ཀླུང་གཙང་པོའི་རྒྱུད་དུ་ཐོལ་ཆར་དང་འབྲུག་ཆར་འབབ་རྒྱུ་དང་དུས་མཚམས་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ།

    དེ་དང་དུས་མཚུངས་ཡར་ཀླུང་གཙང་པོའི་རྒྱུད་དང་། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད་དང་དབུས་རྒྱུད་བཅས་ལ་དུས་ཐུང་ནང་དྲག་ཆར་འབབ་པ་དང་ཐོག་རྒོད་རླུང་འཚུབ་སོགས་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་རྒྱུ་རེད་འདུག ཚེས་18ཉིན་གྱི་རྗེས་སུ་ཆར་པ་འབབ་ཚད་དུས་འགོ་ལས་ཅུང་ཟད་ཉུང་དུ་འགྲོ་རྒྱུ་རེད་འདུག 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།