ཀྲུང་གོ་དང་སུའེ་ཙེར་གྱི་རང་མོས་ཚོང་དོན་གྲོས་ཆོད་རིམ་སྤོར་བྱུང་བའི་དོན་སྙིང་དེ་སྤྱིར་བཏང་ཞིག་མིན་དོན་གང་ཡིན་ནམ།
ཉིན་ཤས་གོང་། ཀྲུང་གོ་དང་སུའེ་ཙེར་གྱིས་རང་མོས་ཚོང་དོན་གྲོས་ཆོད་རིམ་སྤོར་བྱ་རྒྱུར་གྲོས་མོལ་བྱས་པ་དང་འབྲེལ་བསམ་ཤེས་དྲན་ཐོར་མིང་རྟགས་ཀྱང་བཀོད་པ་རེད། སྲུང་སྐྱོང་རིང་ལུགས་བསྐྱར་ལོག་ཁྱབ་འགྱེད་འགྲོ་བ་དང་གོ་ལ་ཧྲིལ་པོར་གཏན་འཁེལ་མེད་པའི་རང་བཞིན་གྱིས་ཁེངས་པའི་མིག་སྔར་རྒྱལ་ཁབ་གཉིས་པོས“རིམ་སྤོར་པར་གཞིའི”རང་མོས་ཚོང་དོན་གྲོས་ཆོད་ལ་མིང་རྟགས་བཀོད་པ་དེ་ནི་སྒོ་དབྱེ་མཉམ་ལས་ཀྱི་གདམ་ག་སྲ་བརྟན་ཞིག་རེད།
2013ལོར་མིང་རྟགས་བཀོད་པའི་ཀྲུང་གོ་དང་སུའེ་ཙེར་གྱི་རང་མོས་ཚོང་དོན་གྲོས་ཆོད་ནི་ཀྲུང་གོ་དང་ཡོ་རོབ་སྐམ་ས་ཆེ་མོའི་རྒྱལ་ཁབ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་སྒྲིག་གཞི་སྟོབས་ཆེན་མདུན་གྲས་20ཡི་དབར་བཞག་པའི་ཕྱོགས་གཉིས་པོའི་རང་མོས་ཚོང་དོན་གྲོས་ཆོད་དང་པོ་དེ་རེད། སྐབས་དེར་ཡོ་རོབ་དང་མེ་གླིང་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་རང་མོས་ཚོང་དོན་གྲོས་ཆོད་ལ་མིང་རྟགས་འགོད་སྐབས་སྤྱིར་ན་བབ་ལྟའི་རྣམ་འགྱུར་འཛིན་ཡང་། སུའེ་ཙེར་གྱིས་སྔོན་ལ་མིང་རྟགས་བཀོད་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་སྟེ། ཕྱོགས་གཉིས་པོའི་ཚོང་དོན་གྱི་གསོན་ཤུགས་མྱུར་དུ་འཕེལ་ནས་ཀྲུང་གོ་འདི་ཉིད་སུའེ་ཙེར་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་གསུམ་པར་གྱུར་ཡོད།
2024ལོའི་ཟླ་9པར། ཀྲུང་གོ་དང་སུའེ་ཙེར་གྱིས་རང་མོས་ཚོང་དོན་གྲོས་ཆོད་རིམ་སྤོར་གྱི་གྲོས་མོལ་བྱེད་འགོ་བཙུགས་པ་དང་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་གྲོས་མོལ་རེས་སྐོར་ལྔ་བྱས་པ་བརྒྱུད། རིམ་སྤོར་གྲོས་མོལ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། རང་མོས་ཚོང་དོན་གྱི་གྲོས་ཆོད་རིམ་སྤོར་བཀོད་སྒྲིག་གཞིར་བཟུང་། དངོས་ཟོག་ཉོ་ཚོང་ཐད་ཕྱོགས་གཉིས་པོས་སྒོ་ཁྲལ་མེད་པའི་ནང་འདྲེན་གྱི་བསྡུར་གྲངས་བཟུང་ཚད་99%ལས་བརྒལ་བ་མ་ཟད། དངོས་ཟོག་དང་། ཞབས་ཞུ། མ་འཇོག་སོགས་ཁྱབ་ཁོངས་སུ་ཆུ་ཚད་མཐོ་བའི་ཕྱོགས་གཉིས་སྒོ་དབྱེའི་ཁས་ལེན་བྱས་ཡོད།
གྲོས་ཆོད་གསར་པ་ནི་སྒོ་ཁྲལ་གྱི་ཆུ་ཚད་སླར་ཡང་དམའ་རུ་བཏང་བ་ཞིག་ཡིན་པ་མ་ཟད། སྒྲིག་སྲོལ་ཐད་ཀྱི་སྦྲེལ་མཐུད་གཏིང་ཟབ་ཅིག་དེ་བས་ཀྱང་རེད། མཉམ་ལས་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་། ཚོང་དོན་གྲུབ་ཆ་དེ་བས་ལེགས་པ། ལམ་ལུགས་སྒྲིག་སྲོལ་དེ་བས་ཞིབ་ཚགས་པ་བཅས་ཀྱི་འགྲན་རྩོད་སྲིད་ཇུས་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་། སྲིད་གཞུང་གི་ཉོ་སྒྲུབ། ངལ་རྩོལ་བཟོ་པའི་ཚད་གཞི་སོགས་ཚང་མ་དེ་བས་མཐོ་བའི་ལམ་ལུགས་ཀྱི་སྒྲོམ་གཞིའི་ནང་བཅུག་པ་དེས་ཀྲུང་གོའི་ཁེ་ལས་ཀྱིས་སུའེ་ཙེར་གྱི་ཁྲོམ་ར་རྒྱ་སྐྱེད་གཏོང་བ་དང་མ་འཇོག་བྱེད་པར་དེ་བས་དྲང་གཞག་དང་། ཁ་གསལ། སྟབས་བདེ་བཅས་ཀྱི་ཆ་རྐྱེན་བཏོད་ཡོད་ལ་སུའེ་ཙེར་གྱི་ལེགས་ལྡན་ཐོན་རྫས་དེ་བས་སྟབས་བདེ་བའི་སྒོ་ནས་ཀྲུང་གོའི་ཁྲོམ་རར་ཞུགས་ཐུབ་པ་བྱུང་ཡོད། ཀྲུང་གོའི་ལམ་ལུགས་རྣམ་པའི་སྒོ་དབྱེའི་ཁེ་སྤོགས་རྒྱུན་མཐུད་མང་དུ་ཕྱིན་པ་དང་བསྟུན་ནས་ཀྲུང་གོ་དང་སུའེ་ཙེར་གྱི་མཉམ་ལས་གཉིས་ཁེའི་ཕན་པ་དེ་བས་ཆེ་རུ་ཕྱིན་ཏེ་རྒྱལ་ཁབ་གཉིས་པོའི་ཁེ་ལས་དང་དམངས་ཚོགས་ཚང་མས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་མཉམ་སྤྱོད་ཐུབ་རྒྱུ་རེད།
གྲོས་ཆོད་གསར་པ་ནི་ཕྱོགས་གཉིས་པོས་གཏན་འཁེལ་རང་བཞིན་ལ་རང་འགུལ་ངང་གདམ་ག་བྱས་པ་ཞིག་ཡིན་ལ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་ཚོང་དོན་རྣམ་པར་ཐོབ་དཀའ་བའི་གཏན་འཁེལ་རང་བཞིན་བསྣན་པ་ཞིག་ཀྱང་རེད།
མཉམ་ལས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། སྒོ་དབྱེ་བྱེད་པ་ལས་བཀག་སྡོམ་མི་བྱེད་པ། སྒྲིག་སྲོལ་བཟོ་བ་ལས་བཙན་དབང་མི་གཏོང་བ་བཅས་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་གྱི་ཡང་དག་པའི་ཁ་ཕྱོགས་ཤིག་རེད། གཏན་འཁེལ་མེད་པའི་རང་བཞིན་མཉམ་དུ་འདྲེས་པའི་གོ་ལ་ཧྲིལ་པོའི་འགྱུར་ལྡོག་ཁྲོད་སྔོན་ལ་གྲོས་ཆོད་བཞག་པ་ནི་བློ་སྟོབས་ཤིག་ཡིན་ལ་མིག་རྒྱང་རིང་པོ་ཞིག་དེ་བས་ཀྱང་ཡིན། ཕྱོགས་གཉིས་ཀར་ཕན་པའི་གདམ་ག་ཞིག་ཡིན་ལ་འཛམ་གླིང་ལ་འགན་འཁུར་བའི་བྱ་ཐབས་ཤིག་དེ་བས་ཀྱང་ཡིན།
འབྲེལ་ཡོད་གསར་འགྱུར།