ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་འབོ་གསེར་ནས་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་བརྟན་པོ་དང་ཡར་རྒྱས་བྱུང་ཚུལ་ལ་ཤེས་རྟོགས་བྱེད་པ།
འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་དུ་སྟོབས་ཤུགས་འདི་འདྲ་ཞིག་གིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་རེ་འདུན་དོན་གཉེར་བྱེད་བཞིན་ཡོད།
2026ལོའི་ཟླ་9པར། ཁེར་གྷི་སི་ཐན་གྱི་པི་སི་ཁེག་ཏུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པ་རྣམས་སླར་ཡང་མཉམ་འཛོམས་བྱས་པ་དང་། རྒྱ་གར་གྱི་རྡི་ལི་གསར་པར“འབོ་གསེར་ཆེན་པོའི”མཉམ་ལས་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད། ཕྱོགས་མང་ཕྱི་འབྲེལ་གྱི་ཕར་ཕྲལ་ཚུར་འདུམ་ཁྲོད་ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་གྱིས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་པ་དེ་ཐོག་ནས་ལོ་བརྒྱའི་འགྱུར་ལྡོག་ཁྲོད་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་བརྟན་པོ་དང་ཡར་རྒྱས་བྱུང་བ་མངོན་ཡོད།
དུས་རབས་ཀྱི་རླུང་རླབས་གཅིག་རྗེས་གཉིས་མཐུད་ངང་འཕྱུར་བཞིན་ཡོད་པས། ཇི་ལྟར་བྱས་ཏེ“འཛམ་གླིང་བརྟན་ལྷིང་ཡོང་བར་བྱེད་དགོས”
“བརྟན་ལྷིང”ཡོང་བར་ཕྱོགས་མང་རིང་ལུགས་ངོ་མ་བརྟན་པོར་སྲུང་དགོས།
“སྒྲིག་སྲོལ་མེད་པའི་འཛམ་གླིང་ནི་གློག་དམར་པོ་དང་ལྗང་ཁུ་མེད་པའི་ལམ་བཞི་མདོ་ཁ་དང་འདྲ་བར་ཟང་ཟིང་ཆེ་ལ་གོ་རིམ་མེད་པ་ལྟ་བུ་རེད”ཅེས་པའི་བཀའ་མོལ་དུམ་བུ་འདིའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ངོ་མཚར་ཆེ་བའི་དཔེ་ཞིག་བཀོད་གནང་ཡོད།
ཕྱོགས་མང་རིང་ལུགས་དང་མཐུན་སྒྲིལ་མཉམ་ལས་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་དཀའ་གནད་ཐག་གཅོད་བྱེད་ཐབས་ཡང་དག་ཅིག་རེད།
“རྒྱལ་ཁབ་གཅིག་གིས་སྒེར་བཟུང་དང་། ཕྱོགས་འགའ་ཞིག་གིས་མཉམ་བཅོས། ཚོགས་པའི་ཆབ་སྲིད་བཅས་ནི་ཕྱོགས་མང་རིང་ལུགས་ངོ་མ་མིན། འཛམ་གླིང་ཐོག་གི་བྱ་བ་མཐའ་དག་རྒྱལ་ཁབ་ཁག་གིས་གྲོས་བསྡུར་བྱས་ནས་སྒྲུབ་དགོས་པ་དང་། རྒྱལ་སྤྱིའི་སྒྲིག་སྲོལ་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་གཏན་འབེབས་བྱེད་དགོས”ཞེས་པའི་ཟླ་9ཚེས་1ཉིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་པི་སི་ཁེག་དབུ་ཚོགས་ཐོག་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་མོལ་འདི་གནད་ལ་སྨིན་ཞིང་དོན་ཟབ་པ་ཞིག་ཡོད།
“བརྟན་ལྷིང”དེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སུ་གཞི་ཚུགས་པའི་མཐུན་སྒྲིལ་རང་འབད་ཅིག་རེད།
གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཐུན་མོང་མཉམ་དར་བྱུང་བ་ནི་འཛམ་གླིང་འཕོ་འགྱུར་ཆེན་པོའི་མཚོན་རྟགས་མངོན་གསལ་དོད་ཤོས་ཡིན་པ་དང་། འབོ་གསེར་རྒྱལ་ཁབ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རུ་སྟར་གྲུ་བཞི་དང་པོ་ཡིན།
རྩ་བ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སུ་ཚུགས་པ་དང་སེམས་པ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དང་སྦྲེལ་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་པི་སི་ཁེག་དབུ་ཚོགས་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི“ལྷོ་ལྷོ་མཉམ་ལས་ཀྱི་ཀ་རྟེན་གལ་ཆེན”ཞིག་རེད་ཅེས་ནན་བཤད་གནང་ཡོད།
ཟླ་9ཚེས་13ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་དུས་མཚམས་གཉིས་པའི་ཚོགས་འདུའི་ཐོག“འབོ་གསེར་རྒྱལ་ཁབ་ཀྱིས་ངེས་པར་དུ་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་དང་རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་མཐུན་སྒྲིལ་བྱས་ཏེ་རྒྱལ་སྤྱིའི་ལས་དོན་ཁྲོད་དགེ་མཚན་ལྡན་པ་དང་། བརྟན་ལྷིང་། དགེ་སྒྲུབ་བཅས་ཀྱི་ནུས་པ་བཏོན་ནས་མིའི་རིགས་ཀྱི་ཐུན་མོང་གི་བདེ་རྩ་ཆེ་རུ་གཏོང་དགོས”ཞེས་པའི་དགོངས་ཚུལ་ཁ་གསལ་བཏོན་གནང་ཡོད།
འཛམ་གླིང“བརྟན་ལྷིང་ཡོང་བ”ནས“ཡག་པོ་ཡོང་བའི”ཕྱོགས་སུ་སྐྱོད་པའི་འགག་རྩ་ནི་ཁྲིད་སྟོན་ཀྱི་སྟོབས་ཤུགས་ལ་ཐུག་ཡོད།
དུས་རབས་གཅིག་གི་1/4བསྐྱོད་ཟིན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་འཛམ་གླིང་གིས་ལྟ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“‘ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྟོབས་ཤུགས’ལ་བརྟེན་ནས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་དར་རྒྱས་མཉམ་འཕེལ་ལ་སྐུལ་ཁྲིད་བྱེད་དགོས”དང་། “‘ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བློ་གྲོས’ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས” “‘ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བྱ་སྤྱོད’ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་འཐུས་སྒོ་ཚང་དུ་འགྲོ་བར་སྣེ་ཁྲིད་བྱེད་དགོས”ཞེས་གསལ་པོ་བཏོན་གནང་ཡོད།
ལོ་ངོ་ཉི་ཤུ་ལྷག་ཙམ་བརྒྱུད་མྱོང་བའི་འབོ་གསེར་ལ་འཛམ་གླིང་གིས་ལྟ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“འབོ་གསེར་རྒྱལ་ཁབ་ཀྱིས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས་དུས་རབས་ཀྱི་གདོང་ལེན་པ་བྱེད་ཕོད་པ་དང་། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་མཉམ་དུ་སྐུལ་འདེད་གཏོང་དགོས”ཞེས་བློ་བརྟན་འགྱུར་མེད་ངང་གསུངས་ཡོད།
གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ནས་ལོ་5སོང་རིང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་མཉམ་ལས་རྣམ་གྲངས་2000ལྷག་ཙམ་སྤེལ་ནས་རིགས་ཁག་གི་ཤེས་ལྡན་པ་ཁྲི་20ལྷག་ཙམ་གསོ་སྦྱོང་བྱས་པར་རྒྱལ་ཁབ་120ལྷག་ཙམ་གྱི་མི་དམངས་ལ་ཕན་པ་ཐོབ་ཡོད།
ས་ཁོངས་ཀྱི་བདེ་འཇགས་ལ་དམིགས་ནས་པི་སི་ཁེག་དབུ་ཚོགས་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས“དཔྱོད་ཤེས་དང་། མཐུན་སྦྱོར། མཉམ་སྐྱོད་བཅས་ཀྱི་ཉིང་རྡུལ་བདེ་འཇགས་ལྟ་བ་དར་སྤེལ་གཏོང་དགོས”ཞེས་བཏོན་གནང་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི“བདེ་འཇགས་ལྟེ་གནས་བཞི”སྔ་ཙམ་སྤྱོད་འགོ་འཛུགས་པར་རྒྱབ་སྐྱོར་གྱིས་ཁོངས་མིའི་རྒྱལ་ཁབ་ཀྱིས་བདེ་འཇགས་ཀྱི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་བཏང་ཡོད།
ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པའི་ཐད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྡི་ལི་གསར་པར་མཇལ་འཛོམས་གནང་རིང་འཛམ་གླིང་དབུས་ཤར་མཚོ་ཁུག་གི་དུས་བབ་སྐོར་ལ“འབྱུང་རྩའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་མཐོང་ཆེན་བྱས་ཏེ་ས་ཁུལ་དང་རྒྱལ་ཁབ་དབར་ཕན་ཚུན་ཡིད་ཆེས་བསྐྱར་དུ་འཛུགས་དང་བདེ་འཇགས་ཀྱི་སྒྲོམ་གཞི་གསར་པ་བསྐྱར་དུ་སྐྲུན་དགོས”ཞེས་བཏོན་གནང་ཡོད། དེ་གོང་ཨེ་ཅིབ་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས“འཛམ་གླིང་དབུས་ཤར་གྱི་བདེ་འཇགས་སྒྲོམ་གཞི་གསར་པ”བསྐྲུན་པར་སྐུལ་འདེད་གཏོང་བའི་ཐད་གྲོས་འགོ་ཁག་4བཏོན་གནང་ཡོད།
འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ཐོག“རོགས་ཟླ་སྒྲིག་པ་ལས་མནའ་འབྲེལ་དུ་མི་ཞུགས་པ་དང་། སྐད་ཆ་ཤོད་རེས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་མཐའ་འཁྱོངས་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་རྒྱལ་ཁབ་ཁག་འདྲ་མཉམ་ངང་ཞུགས་པ་དང་ཡོངས་ཁྱབ་ངང་ཕན་པ་ཐོབ་པར་སྐུལ་འདེད་གཏོང་དགོས”ཞེས་བཏོན་གནང་ཡོད། ད་ཐེངས་འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱིས“གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་མཁན་གདོང་ལེན་པ་བྱེད་དགོས”ཞེས་བཏོན་གནང་ནས་དྲ་རྒྱ་དང་། ཕྱི་རིམ་བར་སྣང་། མཚོ་བྱིངས་སོགས་ས་ཁོངས་གསར་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཁྲིད་སྟོན་བྱས་ཏེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་ཆེ་རུ་བཏང་ཡོད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་གསར་པ་རིམ་བཞིན་རྩོམ་འགོ་ཚུགས་པ་དང་། འབོ་གསེར་མཉམ་ལས་ཀྱི“རྫོགས་ལྡན་ལོ་བཅུ”གསུམ་པ་འགོ་ཚུགས་སྐབས། “བརྟན་ལྷིང”གི་ངེས་ཤུགས་དང“ཡར་བརྩོན”གྱི་འགན་འཁྲི་འཁུར་སེམས་ལྡན་པའི་ཀྲུང་གོས་རང་ངོས་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་བརྟེན་ནས་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་འཕེལ་རྒྱས་ཀྱི་རེ་བ་དེ་བས་མང་བ་སྦྱིན་བཞིན་ཡོད་པ་འཛམ་གླིང་གིས་དཔང་པོ་བྱེད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།