ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་སྤྱི་ཚོགས་མ་དངུལ་བསྡུ་རྒྱུག་གཞི་ཁྱོན་འཕར་ཚད་སྒོར་དུང་ཕྱུར་ཁྲི་23.91ཟིན་པ།
དངུལ་བུན་གྱི་སྐྱེད་ཚད་ལོ་རྒྱུས་ཀྱི་ཆུ་ཚད་དམའ་པོ་རྒྱུན་འཁྱོངས་ཐུབ་པ།
ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་དངུལ་རྩའི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཟླ་དང་པོ་ནས་བརྒྱད་པའི་བར། རང་རྒྱལ་གྱི་སྤྱི་ཚོགས་མ་དངུལ་བསྡུ་རྒྱུག་གཞི་ཁྱོན་འཕར་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་23.91ཟིན་པའི་ནང་དངོས་ཚན་དཔལ་འབྱོར་ལ་མི་དམངས་ཤོག་སྒོར་གྱི་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་ཁྲི་10.23མང་དུ་ཕྱིན་ཡོད། ཟླ་8པའི་ཟླ་མཇུག་བར། ཁྱབ་ཆེའི་དངུལ་ལོར(M2)གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་356.81ཟིན་པ་དེ་དུས་མཚུངས་ལས་7.5%འཕར་བ་དང་། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རྒྱུག་གཞི་ཁྱོན་གསོག་འབོར་སྒོར་དུང་ཕྱུར་ཁྲི་464.80ཟིན་པ་དེ་དུས་མཚུངས་ལས་7.2%འཕར་བ་དང་། དེ་དཔལ་འབྱོར་འཕར་ཚད་དང་རིན་གོང་གི་སྤྱིའི་ཆུ་ཚད་ཀྱི་སྔོན་དཔག་དམིགས་ཚད་དང་མཐུན་ཡོད། M2དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རྒྱུག་གཞི་ཁྱོན་འཕར་ཚད་ཚང་མ་ལུགས་མཐུན་གྱི་ཆུ་ཚད་རྒྱུན་འཁྱོངས་ཐུབ་སྟེ། དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་བར་འཚམ་པའི་དངུལ་ལོར་དང་དངུལ་རྩའི་ཁོར་ཡུག་བསྐྲུན་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། ད་ལོ་ཚུན་དུ་རང་རྒྱལ་གྱི་དངུལ་བུན་གཞི་ཁྱོན་ལུགས་མཐུན་ངང་འཕར་རྒྱུན་བརྟན་པོ་དང་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ཟླ་8པའི་ཟླ་མཇུག་བར། མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་282.35ཟིན་པ་དེ་དུས་མཚུངས་ལས་4.9%འཕར་ཡོད། གྲུབ་ཆའི་ཐོག་ནས་བལྟས་ན། ཀུན་ཕན་ཕྲན་ཚེགས་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་38.13ཟིན་པ་དེ་དུས་མཚུངས་ལས་8.3%འཕར་བ་དང་། ས་ཁང་བདག་ཁོངས་ལས་རིགས་མི་ཚུད་པའི་ཞབས་ཞུའི་ལས་རིགས་ཀྱི་དུས་ཡུན་རིང་འབྲིང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་62.25ཟིན་པ་དེ་དུས་མཚུངས་ལས་9.3%འཕར་བ་སྟེ། གོང་གསལ་གྱི་དངུལ་བུན་འཕར་ཚད་ཚང་མ་དུས་མཚུངས་ཀྱི་དངུལ་བུན་ཁག་གི་འཕར་ཚད་ལས་མཐོ་བ་ཡོད། མིག་སྔའི་དངུལ་རྩའི“ལས་དོན་ཆེན་པོ་ལྔའི”ཁྱབ་ཁོངས་ཀྱི་དངུལ་བུན་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་པ་དང་། འཕར་ཚད་ཀྱིས་དངུལ་བུན་ཁག་གི་འཕར་ཚད་ནང་བཟུང་བའི་བསྡུར་ཚད་70%ཡན་བར་མཐོ་རུ་ཕྱིན་པ། ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས་དེ་བས་མང་བ་ཚན་རྩལ་གསར་གཏོད་དང་ལྗང་མདོག་ཕྱོགས་སྒྱུར་སོགས་སྒུལ་ནུས་གསར་པའི་ཁྱབ་ཁོངས་སུ་བཏང་བ། ཡིད་རྟོན་དངུལ་བུན་འཕར་ཚད་དེ་ཁྱབ་སྐྱེད་རྣམ་པའི་གཞི་ཁྱོན་ནས་ནང་རྒྱས་རྣམ་པའི་སྤུས་འདེགས་འཕེལ་རྒྱས་སུ་སྒྱུར་བར་སྐུལ་འདེད་བཏང་བས། དཔལ་འབྱོར་གྲུབ་ཆ་དེ་གསར་པ་དང་ལེགས་པའི་ཕྱོགས་སུ་སྒྱུར་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།
དེ་དང་ཆབས་ཅིག རང་རྒྱལ་གྱི་དངུལ་བུན་སྐྱེད་ཚད་ལོ་རྒྱུས་ཀྱི་ཆུ་ཚད་དམའ་པོ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་8པར། ཁེ་ལས་ལ་གསར་དུ་བཏང་བའི་དངུལ་བུན་རྩིས་བསྐོར་ཆ་སྙོམས་སྐྱེད་ཚད་3%ལས་ཅུང་དམའ་བ་དང་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.2ཙམ་དམའ་བ་ཡོད། མི་སྒེར་གྱི་སྡོད་ཁང་ལ་གསར་དུ་བཏང་བའི་དངུལ་བུན་གྱི་རྩིས་བསྐོར་ཆ་སྙོམས་སྐྱེད་ཚད་3.1%ཙམ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་དང་སྙོམས་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།