དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམིགས་བསལ་ཕྲུ་གུ་ཚོར་དྲོ་སྐྱིད་ལྡན་པའི་ཁོར་ཡུག་བསྐྲུན་པ།

    ​—— 2026ལོའི“དགེ་རྒན་ཡག་ཤོས”ལིའུ་ཞུའེ་ཡ་ཡི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཏིང་ཡ་སུང་།   |     སྤེལ་དུས།  2026-09-17


    འདི་ནི“དགེ་རྒན་ཡག་ཤོས”ལིའུ་ཞུའེ་ཡ་ཡིས་སློབ་ཁྲིད་བྱེད་བཞིན་པ།

    ཞོགས་པ་ལེའོ་ཉིང་ཞིང་ཆེན་ལེའོ་དབྱང་གྲོང་ཁྱེར་པའི་ཐ་ཆུས་ཆི་ཀྲི་སློབ་གྲྭའི་བར་ཁྱམས་སུ་ཕྲུ་གུ་ཞིག་གིས་རང་གི་སྟོད་ཐུང་ཟུར་ནས་དམ་པོར་འཇུས་ཏེ་སློབ་ཁང་ནང་འཛུལ་མ་ཕོད་པར་བསྡད། སློབ་སྤྱི་ལིའུ་ཞུའེ་ཡ་ཡིས་མགྱོགས་མྱུར་ཕྲུ་གུ་དེའི་ལག་པ་ནས་འཇུས་ཏེ་ངག་འཇམ་པོས“སྐྲག་མི་དགོས། རྒན་ལགས་འདི་གར་ཡོད”ཅེས་བཤད།

    འདི་ལྟ་བུའི་ཞོགས་པ་ནི་ཁོང་ལས་གནས་འདིར་གཞོལ་ནས་ལོ་ངོ་35སོང་རིང་རྒྱུན་མཐོང་རྣམ་པ་ཞིག་རེད། ལིའུ་ཞུའེ་ཡ་ཡིས་ཆེས་བཟང་བའི་དུས་ཚོད་དེ་དག་དམིགས་བསལ་ཕྲུ་གུ་རྣམས་ལ་སྐྱེས་སུ་ཕུལ་ཡོད་པ་དང་། བྱ་བ་ཆུང་ཙག་དག་ནས་དམིགས་བསལ་སློབ་གྲྭའི་དགེ་རྒན་ཞིག་གི་སྒེར་སེམས་མེད་པའི་བརྩེ་བ་མངོན་བཞིན་ཡོད།

    1991ལོར། ལིའུ་ཞུའེ་ཡ་ལེའོ་ཉིང་ཞིང་ཆེན་གྱི་དམིགས་བསལ་སློབ་གསོའི་དགེ་འོས་སློབ་གྲྭ་ནས་ཐོན། ཁོང་ཁྲིད་སྟེགས་ཐོག་བསྐྱོད་རྗེས། དངོས་ཡོད་ཀྱི་དཀའ་ངལ་ནི་བསམ་ཚོད་ལས་འདས་པ་ཞིག་ཡོད་པ་རྟོགས་ཤིང་། མི་ལ་ལས“ཕྲུ་གུ་དེ་དག་ལ་སློབ་ཚན་ཁྲིད་ཀྱང་། སྦྱངས་འབྲས་ཐོན་དཀའ་བའི་ཁར་ད་དུང་མིང་གྲགས་ཀྱང་ཡོང་མི་སྲིད། དེ་ལས་སྔ་ཙམ་ནས་ལས་ཀ་བརྗེས་ན་ལེགས”ཞེས་ཁ་ཏ་བྱེད་མྱོང་ཡོད།

    ལིའུ་ཞུའེ་ཡ་སེམས་སྐྱོ་མྱོང་ལ་ཐེ་ཚོམ་ཡང་སྐྱེ་མྱོང་ཡོད་མོད། འོན་ཀྱང“ཕྲུ་གུ་འདི་དག་ལ་དེ་བས་ཀྱང་བརྩེ་བ་འཆང་དགོས་པ་དང་དེ་བས་ཀྱང་སློབ་གསོ་གཏོང་དགོས། གལ་ཏེ་ང་ཚོས་བློས་བཏང་ན་ཁོང་ཚོ་དངོས་གནས་རེ་བ་མེད་པར་གྱུར་སྲིད”ཅེས་པའི་སློབ་གཙོ་རྒན་གྲས་ཀྱི་སྐད་ཆ་ད་དུང་སེམས་ལ་བརྟན་པོར་ངེས་ནས་ཡོད།

    ཕྲུ་གུ་ཚོས་ང་ལ་ཡིད་ཆེས་ཀྱི་མིག་ཟུང་དང་ཁྱིམ་བདག་ཚོའི་རེ་སྒུག་གི་མིག་ཟུང་མཐོང་རིམ་བཞིན་ཁོང་གིས་བརྩེ་སེམས་ལ་བརྟེན་ནས་དྲོ་སྐྱིད་ལྡན་པའི་ཁོར་ཡུག་བསྐྲུན་ནས་ཚེ་གང་ཕྲུ་གུ་དེ་དག་སྲུང་སྐྱོང་བྱ་རྒྱུའི་དམ་བཅའ་བཞག

    ཆི་ཀྲི་སློབ་གྲྭར་སློབ་མ་70ལྷག་ཙམ་ཡོད་པ་དེ་དག་མང་ཆེ་བ་ནི་རིག་སྟོབས་ལ་སྐྱོན་མང་ཉུང་ཡོད་པ་ཤ་སྟག་ཡིན་ལ་འཚོ་བ་ཡང་རང་མགོ་ཐོན་གྱི་མེད་པ་མ་ཟད། ད་དུང་སྐད་ཆ་གསལ་པོ་ཤོད་མི་ཐུབ་པ་དང་རང་སེམས་གཅུན་ཐུབ་ཀྱི་མེད། དེར་བརྟེན། ལིའུ་ཞུའེ་ཡ་ལ་ཕྲུ་གུས་འབུད་རྒྱག་གཏོང་བ་དང་སྦར་ཤད་རྒྱག་པ་ནི་རྒྱུན་གཏན་གྱི་བྱ་བ་ཞིག་ཡིན་མོད། འོན་ཀྱང་ཁོང་གིས་འཁང་ར་གཏན་ནས་མེད་པར་ཕྲུ་གུ་ཚོའི་ཨ་མ་དང་འདྲ་བར་དེ་བས་བརྩེ་བ་འཆང་གི་ཡོད།

    དམིགས་བསལ་སློབ་གསོར་བརྩེ་སེམས་ཡོད་པ་ཙམ་གྱིས་མི་ཆོག་པར་ད་དུང་ཆེད་ལས་ཀྱི་ཤེས་བྱ་ལྡན་དགོས། དོ་དམ་གྱི་ལས་གནས་སུ་སོང་རྗེས། ལིའུ་ཞུའེ་ཡ་ཡིས་རིགས་པའི་གཞུང་ལུགས་ལ་བརྩོན་ཞིབ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་ཚན་ཞིབ་བྱས་ནས། བྱེ་བྲག་ལ་བལྟོས་པ་དང་། རིམ་པ་དབྱེ་བ། སྒྲིག་གཞི་ཅན་བཅས་ཀྱི་སློབ་ཁྲིད་བྱེད་སྟངས་ཁྱབ་སྤེལ་བཏང་བ་དང་། བདེ་ཐང་སླར་གསོའི་སྨན་བཅོས་དགེ་རྒན་དང་། སེམས་ཁམས་བློ་འདྲིའི་དགེ་རྒན། རྐང་འཛིན་དགེ་རྒན་བཅས་ཀྱི་ཚོགས་པ་སྒྲིག་འཛུགས་བྱས་ཏེ། ཚོར་དབང་དང་མཐུན་སྦྱོར་གྱི་སྦྱོང་བརྡར་བྱེད་སྟངས་དང་སྐད་ཆ་ཤོད་སྟངས་ལ་སྦྱོང་བརྡར་བྱེད་པ་སོགས་རྒྱུན་གཏན་གྱི་སློབ་ཁྲིད་ནང་བཅུག་ཡོད།

    སློབ་མ་ཞའོ་ཧྲེང(མིང་ཚབ)སློབ་གྲྭར་ཞུགས་སྐབས་ལོ་14ལ་སླེབས་ཡོད་པ་དང་། སྐད་ཆ་ཤོད་པའི་ནུས་པ་ཉམས་ནས“ཨ་མ”ཞེས་ཀྱང་གཏན་ནས་འབོད་མྱོང་མེད། ཚོད་སྐོར་བྱས་པ་བརྒྱུད། ལིའུ་ཞུའེ་ཡ་ཡིས་ཕྲུ་གུར་ཐོས་ནུས་ཏོག་ཙམ་ཡོད་མོད། ཡིན་ནའང་དུས་ཡུན་རིང་པོར་སྦྱོང་བརྡར་མ་བྱས་པས་ཁ་འགྲམ་གྱི་ཤ་གནད་རེངས་པར་གྱུར་པ་ཤེས་རྟོགས་བྱུང་། ཐེངས་མང་པོར་ཁྲིད་སྟོན་དང་སྦྱོང་བརྡར་བྱས་མཐར་ཞའོ་ཧྲེང་གིས་གཞི་ནས“ཨ་མ”ཞེས་གསལ་པོ་འབོད་ཐུབ་པ་བྱུང་། སྐབས་དེར་དེ་གར་ཡོད་པའི་མི་རྒན་པ་ཚང་མར་སེམས་འགུལ་ཆེན་པོ་ཐེབས།

    ཕྲུ་གུ་ཚོ་སློབ་གྲྭ་ཐོན་རྗེས་གང་དུ་འགྲོ་ཐུབ་པ་དང་ཁོང་ཚོས་གང་བྱེད་ཐུབ་པའི་ཐད། ཁྱིམ་བདག་ཚོས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ་ལིའུ་ཞུའེ་ཡ་ཡིས་ཀྱང་རྟག་ཏུ་སེམས་ཁྲལ་བྱེད་ཀྱི་ཡོད། “ཁོ་ཚོ་ནི་བཞད་འཕྱིས་པ་ཙམ་གྱི་མེ་ཏོག་ཡིན། ཉི་འོད་ལོངས་སུ་སྤྱོད་ཆོག་པ་དང་སྤྱི་ཚོགས་ཀྱི་པང་དུ་ལོག་པའི་དབང་ཆ་འདྲ་མཉམ་ལྡན་ཡོད”ཅེས་ལིའུ་ཞུའེ་ཡ་ཡིས་བཤད་པ་དང་། ཁོང་གིས་ཕྲུ་གུ་ཚོར་འཚོ་གནས་ཀྱི་ནུས་རྩལ་ཤེས་སུ་འཇུག་རྒྱུ་ནི་ཁོང་ཚོར་སྲུང་སྐྱོབ་ཡག་ཤོས་བྱས་པ་ཞིག་ཡིན་པ་ཤེས་ཀྱི་ཡོད།

    ལིའུ་ཞུའེ་ཡ་ཡིས་ཕྱོགས་མང་པོར་བསྐྱོད་དེ་དབང་པོ་སྐྱོན་ཅན་གྱི་རང་བརྟེན་རོགས་རེས་རྟེན་གཞི“དུང་དཀར་བུ་ཁྲིད་ལག་ཤེས་བཟོ་རྩལ་ཁང”བཙུགས་ནས“རྩལ་ནུས་དངོས་སྦྱོང་དང་། ཐོན་རྫས་ཐོན་སྐྱེད། ཁྲོམ་ར་གཞན་སྒྱུར”བཅས་ཀྱི་མངགས་ཐོ་རྣམ་པའི་ལས་རིགས་སློབ་གསོའི་རྣམ་པ་ཞིག་བཏོད་ཡོད།

    ལག་བཟོས་དག་རྫས་བཟོ་བ་ནས་བཟོ་རྩལ་ཐོན་རྫས་བཟོ་སྟངས་སྦྱོང་བའི་བར་དང་། རྒྱུ་ཆ་དབྱེ་འབྱེད་ངོས་འཛིན་ནས་ཐོན་རྫས་ཐུམ་སྒྲིལ་རྒྱག་པའི་བར། ལིའུ་ཞུའེ་ཡ་ཡིས་ཇི་ལྟར་བྱེད་དགོས་མིན་རེ་རེ་བཞིན་ཕྲུ་གུ་ཚོར་དམར་ཁྲིད་དང་སྦྲགས་སྦྱོང་བརྡར་ཡང་ཡང་བྱེད་ཀྱི་ཡོད། ཁོང་གིས་ད་དུང་སྣེ་ཁྲིད་དེ་བརྙན་ཐུང་པར་ལེན་དང་དྲ་རྒྱའི་ཐད་གཏོང་བྱས་ཏེ་ལག་བཟོས་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་གི་ཡོད།

    “འདི་ལྟ་བུའི་བྱ་ཐབས་བརྒྱུད་ནས་དབང་པོ་སྐྱོན་ཅན་གྱི་ལས་གཏོད་རྣམ་གྲངས་2གྲུབ་འབྲས་ཐོབ་པའི་ངང་གསོ་སྤེལ་བྱེད་ཐུབ་ཡོད་པ་དང་། སློབ་མ་12ཀྱིས་འཚོ་གནས་རྩལ་ནུས་ཁོང་དུ་ཆུད་པས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་ཐོབ་ཆ་རག་གི་ཡོད། གཞན་ཡང་སློབ་ཐོན་སློབ་མ་235ཡི་ཁྲོད་ནས་སློབ་མ་127ཕན་བདེའི་ཁེ་ལས་སུ་ལས་ཀ་བཀོད་སྒྲིག་བྱས་པ་དང་སློབ་མ་22ཀྱིས་རང་བརྟེན་ལས་འདེམས་བྱས་པས་རང་ཁ་རང་གསོ་ཐུབ་པའི་ངལ་རྩོལ་པར་གྱུར་ཡོད”ཅེས་ལིའུ་ཞུའེ་ཡ་ཡིས་སྤོབས་སེམས་ཆེན་པོས་བཤད།

    “དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་གཅིག་ཀྱང་མི་བརྗེད་པ་དང་བློས་གཏོང་མི་བྱེད་པ”ཅེས་པ་འདི་ནི་ཁོང་གིས་ཚེ་གང་རིང་སྒྲུབ་རྩིས་ཡོད་པའི་བྱ་བ་ཞིག་རེད། དེས་ན། འབྱུང་འགྱུར་ལིའུ་ཞུའེ་ཡ་ཡིས་སྔར་བཞིན་ཕྲུ་གུ་དེ་དག་གི་ལག་པ་བཟུང་ནས་འོད་སྣང་གི་ཕྱོགས་སུ་མུ་མཐུད་དལ་གྱིས་བསྐྱོད་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།