2026ལོའི་རྒྱལ་ཡོངས་ཀྱི་བོད་ལྗོངས་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོ་དང“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”བྱེད་སྒོ་སྤེལ་བ།
ཚེས་15ཉིན་གྱི་སྔ་དྲོར། 2026ལོའི་རྒྱལ་ཡོངས་ཀྱི་བོད་ལྗོངས་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོ་དང“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”བྱེད་སྒོ་སྤེལ་ཞིང་། ཚོགས་ར་གཙོ་བོ་ཁྲུང་ཆིང་བོད་ལྗོངས་སློབ་འབྲིང་དུ་བཙུགས་པ་དང་། བོད་ལྗོངས་འཛིན་གྲྭའི་སློབ་གྲྭ་གཞན་དག་ཏུ་ཡན་ལག་ཚོགས་ར་བཙུགས་ནས་ཐད་གཏོང་བརྒྱུད་དུས་མཉམ་དུ་ཞུགས་པ་རེད། དེ་ནི་བོད་ལྗོངས་འཛིན་གྲྭའི་ལོ་རྒྱུས་ཐོག་གི་གཅིག་སྡུད་སློབ་འགོ་ཚུགས་པའི་མཛད་སྒོ་གཉེར་ཐེངས་ཐོག་མ་དེ་རེད།
སློབ་འགོ་ཚུགས་པའི་མཛད་སྒོ་དེ་བརྗིད་ཉམས་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་དང་སྐད་གསང་མཐོན་པོས་རྒྱལ་གླུ་ལེན་པའི་སྒྲའི་ཁྲོད་འགོ་ཚུགས་ཤིང་། བྱེད་སྒོས“མུན་ནག་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། རླབས་ཆེན་འཕོ་འགྱུར་གྱི་དྲིན་ཚོར་བ། ཕུགས་བསམ་ཆེན་པོ་འཛུགས་པ། དུས་རབས་ཀྱི་མི་གསར་བརྩོན་ལེན་བྱེད་པ”བཅས་བརྗོད་དོན་གཙོ་བོར་བྱས་པ་དང་། དེ་ནི་བོད་ལྗོངས་འཛིན་གྲྭའི་དགེ་སློབ་ཡོངས་ལ་ཕྱོགས་པའི་བསམ་བློའི་སྐུལ་སློང་ཞིག་རེད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད།
“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”དེ་ནི་རང་སྐྱོང་ལྗོངས་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)དོ་དམ་ལྟེ་གནས་ཀྱི་འགན་འཁུར་བ་དང་དགེ་རྒན་ཆེ་མོ་བ་ཀྲང་ལི་ཝུན་གྱིས་སློབ་ཁྲིད་བྱས་པ་དང་། ཁོང་གིས་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་མུན་ནག་གི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་འོག་བོད་འདི་ཉིད“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”འཕོ་འགྱུར་ཆེན་པོ་གསལ་བཤད་བྱས་ནས། རྒྱ་ཆེའི་སློབ་མ་ཚོར་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་འཛུགས་པ་དང་། སྤྱི་ཚོགས་ཀྱི་འཕོ་འགྱུར་རླབས་པོ་ཆེའི་རྒྱབ་ཕྱོགས་ཀྱི་ལམ་ལུགས་ཀྱི་སྟོབས་ཤུགས་ལ་གོ་བ་ཡང་དག་ལེན་པ། གངས་ལྗོངས་ས་མཐོར་འཕོ་འགྱུར་ཆེན་པོ་འབྱུང་བ་ནི་ཏང་གི་བཀའ་དྲིན་དང་མེས་རྒྱལ་ལ་བརྟེན་ནས་བྱུང་བར་གོ་བ་གཏིང་ཟབ་ལེན་པ། ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་ལྷད་མེད་བརྩེ་བ་ཟབ་ཏུ་གཏོང་བ། ལོ་རྒྱུས་ལས་བྱུང་བའི་མྱོང་ཚོར་དེ་སློབ་བརྩོན་ལག་བསྟར་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་ནང་སྐྱེས་སྒུལ་ཤུགས་སུ་འགྱུར་བ་བཅས་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག བོད་ལྗོངས་འཛིན་གྲྭ་གཉེར་ནས་བགྲང་བྱ་40ལྷག་ཙམ་སོང་རིང་། རིམ་རྩིས་བརྒྱབ་ན་སློབ་མ་ཁྲི་18ལྷག་ཙམ་བསྡུས་པ་དང་། ལོར་སློབ་མ་བསྡུ་བའི་གཞི་ཁྱོན་མི་ཁྲི་ལས་བརྒལ་བ། རྒྱལ་ཡོངས་ཀྱི་ཞིང་ཆེན་23དང་། གྲོང་ཁྱེར་65 སློབ་གྲྭ་131བཅས་སུ་བོད་ལྗོངས་འཛིན་གྲྭ་བཙུགས་པས། དམའ་འབྲིང་འཛིན་གྲྭ་དང་། མཐོ་འབྲིང་འཛིན་གྲྭ འབྲིང་རིམ་ལས་རིགས་འཛིན་གྲྭ་བཅས“ཕྱོགས་གསུམ་གཞི་གཅིག”གི་སློབ་གཉེར་གྱི་རྣམ་པ་ཞིག་ཆགས་པ་དང་། “ལྗོངས་ནང་ཁུལ་གཙོ་བོར་བྱེད་པ་དང་། ལྗོངས་ཕྱི་རམ་འདེགས་སུ་བྱེད་པ། ལྗོངས་ཕྱི་ནང་མཐུན་སྦྱོར་མཉམ་འགུལ”གྱི་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དེང་རབས་སློབ་གསོའི་མ་ལག་ཅིག་བཏོད་དེ། “སློབ་གྲྭ་འགྲིམ་ས་ཡོད་པ”ནས“སློབ་གྲྭ་ཡག་པོ་འགྲིམ་པའི”བར་རྣམ་པའི་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།