དུས་རབས་གསར་པར་མེས་རྒྱལ་མཐའ་མཚམས་བསྲུངས། རང་འཁྲིའི་ལས་འགན་གནོང་འགྱོད་མེད་པར་བསྒྲུབས།
—— རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ལྷོ་ཁའི་ལྷོ་བྲག་མཐའ་མཚམས་དོ་དམ་རུ་ཆེན་གྱི་ཆབ་སྲིད་སློབ་སྟོན་པ་བསོད་ནམས་དར་རྒྱས་ཀྱི་སྐོར་བཀོད་པ།
“ང་ཚོའི་སྐོར་གཡེང་གི་བྱ་བ་ཚང་མ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བར་གཞོལ་བ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་བདག་དབང་ནན་པོས་བསྒྲགས་པ་ཞིག་དེ་བས་ཡིན། བསྲུང་བྱའི་ས་ཆར་དུས་བདེ་ཞོད་འཇགས་ཡོང་བར་བྱེད་པ་ནི་ང་ཚོ་མཐའ་སྲུང་བས་མི་ཚེ་གང་པོར་དོན་གཉེར་བྱེད་དགོས་པ་ཞིག་ཡིན”ཞེས་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ལྷོ་ཁའི་ལྷོ་བྲག་མཐའ་མཚམས་དོ་དམ་རུ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཆབ་སྲིད་སློབ་སྟོན་པ་བསོད་ནམས་དར་རྒྱས་ཀྱིས་བཤད་ཅིང་། ཁོང་གངས་ལྗོངས་མཐའ་མཚམས་ཀྱི་འཐབ་ས་དང་པོར་ལོ་བཅུ་ལྷག་ཙམ་སྡོད་རིང་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པའི་མཐའ་སྲུང་གི་འགན་འཁྲི་དང་སྲིད་གྲོས་ཨུ་ཡོན་གྱི་སྲིད་ཞུགས་འགན་འཁྲི་མཉམ་དུ་ཁུར་ནས་ལྷོ་ཁའི་ས་མཐོའི་མཐའ་མཚམས་སུ་ལྷག་བསམ་རྣམ་དག་གི་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཡོད།
བགྲང་བྱ་བཅུ་ལྷག་ཙམ་རིང་། བསོད་ནམས་དར་རྒྱས་ཀྱིས་མ་བསྐྱོད་པའི་ལྷོ་ཁའི་མཐའ་མཚམས་ས་ཆ་གཅིག་ཀྱང་མེད་ཅིང་། ལྷོ་ཁའི་མཚོ་སྣ་གྲོང་ཁྱེར་ལེགས་པོ་མཐའ་མཚམས་མངགས་གཏོང་ཁང་ནས། སྐྱིད་ཕུ་མཐའ་མཚམས་མངགས་གཏོང་ཁང་དང་། ལམ་ཕུག་མཐའ་མཚམས་མངགས་གཏོང་ཁང་གི་བར་དང་། དེ་ནས་ས་བབ་སྨི་5373ཟིན་པའི་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་དང་། སྣ་དཀར་རྩེ་མཐའ་མཚམས་དོ་དམ་རུ་ཆེན་དང་ལྷོ་བྲག་མཐའ་མཚམས་དོ་དམ་རུ་ཆེན་བཅས་ཀྱི་བར། ཁོང་གིས་ས་བབ་མཐོ་བའི་མཐའ་མཚམས་མངགས་གཏོང་ཁང་དང་རུ་ཆེན་མང་པོར་བསྐྱོད་ཡོད། བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་གཞི་རིམ་ཚན་པ་ཕྱེད་ཀ་ལྷག་ཙམ་གྱི་ས་བབ་སྨི་4000ལས་བརྒལ་ནས་ས་ཆ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ་དང་། ཁ་བ་བུ་ཡུག་འཚུབ་པ། དངོས་ཟོག་དཀོན་པ་སོགས་ནི་རྒྱུན་གཏན་གནས་ཚུལ་ཡིན།
ལོ་མང་རིང་། བསོད་ནམས་དར་རྒྱས་དང་ཁོང་གི་འཐབ་གྲོགས་ཚོས་འཁྱགས་སར་རྩ་བ་ཚུགས་པ་དང་གྲང་ངར་ལ་གདོང་ལེན་གྱིས་གངས་ལྗོངས་ས་མཐོར་གཞོམ་ཞིག་བྲལ་བའི་ས་མཚམས་རྡོ་རིང་བཞིན་འགྱིང་ངེར་གནས་ཡོད། 2016ལོར་བསོད་ནམས་དར་རྒྱས་ཀྱིས་རང་འགུལ་ངང་ཆ་རྐྱེན་ཞན་ཤོས་ཀྱི་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་དུ་བསྐྱོད་རྒྱུའི་རེ་འདུན་ཞུས་ཤིང་། རང་འགུལ་ངང“འཚོ་གནས་དཀའ་ཁུལ”དུ་བསྐྱོད་པའི་ཐོག་མའི་བསམ་འདུན་སྐོར་གླེང་སྐབས། ཁོང་གིས“ཚེ་སྲོག་དོན་མེད་དུ་ཆུད་ཟོས་གཏོང་བ་ལས་དཀའ་བ་སྤྱད་ནས་རང་ཉིད་ཀྱི་ལང་ཚོར་འོད་མདངས་འཕྲོ་བར་བྱས་ན་དགའ”ཞེས་བཤད།
ཁོངས་གཏོགས་ཁུལ་གྱི་གངས་བུ་འཁྱགས་རོམ་གྱི་ཡུལ་ལྗོངས་ལྟ་ན་སྡུག་ཀྱང་མི་མེད་ལུང་སྟོང་དུ་གནས་པ་དང་། ས་བབ་སྨི་5000ལྷག་ཙམ་ཟིན་ལ་འཕྲིན་གཏོང་བརྡ་རྟགས་མེད་པ་དང་ས་བབ་ཀྱི་ཆགས་ཚུལ་རྙོག་འཛིང་ཆེན་པོ་ཡོད། ལོ་ལྟར་ཡུལ་སྐོར་བ་དང་རླངས་འཁོར་མི་ཉུང་བ་ཞིག་དེ་གར་ཉེན་ཁའི་གནས་སུ་གྱར་ཞིང་། རོགས་སྐྱོབ་ཀྱི་ལས་འགན་དཀའ་ཚེགས་ཆེན་པོ་ཡོད་པས་མ་ཚད་ཉེན་ཁའང་ཧ་ཅང་ཆེན་པོ་ཡོད། ལས་འགན་འཁུར་རིང་། བསོད་ནམས་དར་རྒྱས་ཀྱིས་སྣེ་ཁྲིད་དེ་ཆེད་ལས་མཐའ་མཚམས་སྐོར་གཡེང་རོགས་སྐྱོབ་རུ་ཁག་བཙུགས་ཤིང་། རིམ་རྩིས་བརྒྱབ་ན་རོགས་སྐྱོབ་ཐེངས་200ལྷག་ཙམ་བྱས་པ་དང་། ཉེན་གྱར་ཡུལ་སྐོར་བ་500ལྷག་ཙམ་དང་རླངས་འཁོར་200ལྷག་ཙམ་ཉེན་ཁའི་གནས་ལས་བསྒྲལ་ཡོད། དེ་སྔོན་ཆུ་ཚོད་72བསྟུད་མར་གཉིད་མེད་པར་ལམ་ཐག་སྤྱི་ལེ་700ལྷག་ཙམ་རྐང་ཐང་མར་བསྐྱོད་དེ་ཉེན་ཁའི་གནས་སུ་གྱར་བའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱས་ཡོད།
ལོ་བཅུ་ལྷག་ཙམ་རིང་། ཁ་བ་བུ་ཡུག་ལ་མ་འཛེམས་པར་ལས་གནས་བརྟན་པོར་བསྲུངས་པས། བསོད་ནམས་དར་རྒྱས་ལ“རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་རིམ་པ་གཉིས་པའི་དཔའ་བོའི་དཔེ་བཟང”དང་། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི“རྒྱལ་ཁབ་ཀྱི་རྒྱལ་མཚམས་སྲུང་དམག་ཆེན་པོ་བཅུ” “བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་ནས་མི་སྒེར་གྱི་བྱས་རྗེས་རིམ་པ་དང་པོ་ཐེངས་1དང་བྱས་རྗེས་རིམ་པ་གསུམ་པ་ཐེངས་2རག་ཡོད། ཁོང་གིས“གཟི་བརྗིད་མཚན་སྙན་དེ་དག་གིས་རང་ཉིད་ལ་ལྕག་སྐུལ་བཏང་བ་མ་ཟད། ས་མཐོའི་མཐའ་སྲུང་མི་དམངས་ཉེན་རྟོག་པ་ཡོངས་ལ་ཁས་ལེན་བྱས་པ་ཞིག་དེ་བས་ཀྱང་ཡིན་པས། སླད་ཕྱིན་ངས་སྔར་བས་ལས་གནས་བརྟན་སྲུང་དང་ལེགས་སྐྱེས་འབུལ་ཐུབ་པར་བྱས་ནས་རྒྱལ་ཁབ་ཀྱི་རེ་བ་ཆུད་ཟོས་སུ་གཏོང་གི་མིན”ཞེས་བཤད།
གྲུབ་འབྲས་ཐོབ་པའི་རྗེས་སུ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་ལས་འགན་དང་འགན་འཁྲི་སྔར་བས་ཆེ་རུ་སོང་ཡོད།
2023ལོར་བསོད་ནམས་དར་རྒྱས་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་ལ་བདམས་ནས་ཁོང་གི་འགན་འཁྲི་སྔར་ལས་ཆེ་རུ་སོང་ཞིང་། ཁོང་གིས“མཐའ་མཚམས་བསྲུང་རྒྱུ་ནི་ངའི་ལས་འགན་ཡིན་པ་དང་། ལས་འགན་གཙང་མ་སྒྲུབ་པ་ནི་ངའི་འགན་འཁྲི་ཡིན་པས། ངས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་དཀའ་ངལ་དང་མཐའ་མཚམས་མི་སེར་གྱི་འདུན་པ་འགན་སྒྲུབ་ལས་གནས་སུ་ཐག་གཅོད་ཐུབ་པར་བྱེད་ཀྱི་ཡིན”ཞེས་བཤད།
ད་ཆ་ས་བབ་མཐོ་པོ་དེ་ཙམ་མེད་པའི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་མཐའ་མཚམས་དོ་དམ་རུ་ཆེན་དུ་ལས་སྒྱུར་བྱས་ནའང་། ལྗིད་རྫོབ་ཆེ་བའི་རུ་ཆེན་དོ་དམ་གྱི་ལས་ཀ་དང་སྲིད་གྲོས་ཀྱི་འགན་སྒྲུབ་ལས་འགན་གཅིག་ལྕོགས་ཁུར་བའི་བསོད་ནམས་དར་རྒྱས་ཀྱིས་སྔར་བཞིན་ཐོག་མའི་བསམ་འདུན་དང་དད་སེམས་བློ་ལ་བརྟན་པོར་འཆང་བཞིན་དུ“ངས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་སེམས་ནུས་ཡོད་རྒུས་ཐབས་འདོན་ཇུས་འབུལ་དང་ལས་གནས་གཉིས་ཁུར་ཏེ་གངས་ལྗོངས་ཀྱི་མཐའ་མཚམས་ཡུན་རིང་བདེ་འཁོད་ཡོང་བར་བྱས་ནས་དུས་རབས་གསར་པའི་ས་མཐོའི་མཐའ་སྲུང་བའི་གནོང་འགྱོད་མེད་པའི་འགན་འཁྲི་ཧུར་ཐག་སྒྲུབ་ཀྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།