ཤོག་བྱའི་མིང་འདོགས་སྲོལ་དང་མཚོན་དོན་ཁྱེད་ཀྱིས་མཁྱེན་ནམ།
གངས་ལྗོངས་སུ་འབྲས་ལྡན་སྟོན་དུས་འཆར་རིམ་བཞིན་ནམ་མཁའ་གཡའ་དག་པ་དང་ས་གཞི་རྡུལ་དག་པར་གྱུར་བ་དང་། སྟོན་རླུང་བསིལ་བུ་རིམ་བཞིན་ལྡང་འགོ་ཚུགས་པས་ཤོག་བྱ་གློད་པའི་ནམ་དུས་ལེགས་ཤོས་སུ་སླེབས་པ་མཚོན་གྱི་ཡོད།

བོད་ལྗོངས་སུ་ཤོག་བྱ་གློད་པའི་ལོ་རྒྱུས་ཧ་ཅང་རིང་པོ་ཡོད་པ་དང་ཤོག་བྱ་བཟོ་བའི་ལག་རྩལ་དང་། བཟོ་དབྱིབས། ཚོན་མདོག མིང་འདོགས་སྲོལ་སོགས་ལ་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དཔེར་ན། ཤོག་བྱའི་མིང་འདོགས་སྲོལ་ཐད་མིག་ལོག་དང་། མཆེ་བ། རྒྱ་བོ། མགོ་དམར་རམ་མགོ་ནག པང་གདན། རྐང་གླིང་སོགས་ཟེར་སྲོལ་ཡོད་པ་དང་། དེ་དག་གི་ཚོས་གཞི་དང་བཟོ་ལྟ་སོགས་ཀྱི་ཐད་ནས་མིང་དང་འཚམ་པའི་དོན་རེ་མཚོན་རྒྱུ་ཡོད་ཅིང་། སྤྱིར་ན་རྒྱ་བོ་ཞེས་ཤོག་བྱའི་གཡས་གཡོན་གྱི་གཤོག་པར་ཚོས་དམར་ནག་གང་རུང་གིས་རྩེ་ཕྲ་སྨད་སྦོམ་གྱི་དཔའ་དམ་གཟུགས་རིས་ཤིག་བྲིས་པ་དེས་དཔའ་རྒོད་ཀྱི་མཚོན་དོན་མངོན་པ་དང་། མགོ་དམར་རམ་མགོ་ནག་ཅེས་ཤོག་བྱའི་རྩེ་ཐོད་དུ་ཚོས་དམར་རམ་ཚོས་ནག་གིས་ཟུར་གསུམ་བྲིས་པ་དེས་ཆོས་སྐྱོང་གི་དབུ་ཐོད་མཚོན་པ། མིག་ལོག་ཅེས་ཤོག་བྱའི་ཟུར་གཉིས་ལ་སྒོར་ཕྱེད་རི་མོ་བྲིས་ནས་འཛིང་བྱའི་ཡུལ་ལ་རྫིག་རྔམ་མཚོན་པ། མཆེ་བ་ཞེས་ཤོག་བྱའི་ངོས་གཉིས་ལ་ལྕགས་ཀྱུའི་གཟུགས་བྲིས་ནས་འཇིགས་སྐྲག་ལྡན་པའི་བདུད་ཀྱི་མཆེ་བ་མཚོན་པར་བྱས་ཏེ་མི་ལ་འཇིགས་པ་སྐྱེ་བར་བྱེད། པང་གདན་ཞེས་ཤོག་བྱའི་སྟེང་ལ་ཚོན་སྣས་ཐིག་འཐེན་ཏེ་བུད་མེད་མཛེས་མ་མཚོན་པ། རྐང་གླིང་ཞེས་ཤོག་བྱའི་སྟེང་ཚོས་དམར་ནག་གང་རུང་གིས་ཐིག་སྦོམ་ཞིག་འཐེན་ནས་ཆོས་ཀྱི་གཟི་བྱིན་གང་སར་ཁྱབ་པ་སོགས་ཀྱི་ནང་དོན་མཚོན། ཚོན་རིས་དེ་དག་སྟབས་བདེར་མངོན་ཡང་མཚོན་དོན་གསལ་བ་དང་། ཤོག་བྱ་གློད་དུས་དགུང་སྔོན་དབྱིངས་སུ་ཚོན་རིས་བཀྲ་བའི་མཛེས་རྒྱན་ཞིག་གྲུབ་ནས་བློ་རྒྱ་ཡངས་ལ་དཔའ་མི་ཞུམ་པའི་མི་རིགས་ཀྱི་རང་གཤིས་ཀྱང་མཚོན་གྱི་ཡོད།

སྤྱིར་ན་ཤོག་བྱ་གློད་མཁན་ཕལ་ཆེ་བ་གཞོན་ནུ་ལོ་ཆུང་ཡིན་པ་དང་ལོ་ན་རྒན་གྲས་ཀྱང་ཉུང་ཤས་རིག་རྒྱུ་ཡོད། རྩིབས་མང་ཉུང་ལ་བརྟེན་ནས་ཤོག་བྱ་ཆེ་ཆུང་སྣ་ཚོགས་བཟོ་ཆོག་ལ་རང་ཉིད་ཀྱི་དགའ་ཕྱོགས་དང་འདོད་མོས་ལ་གཞིགས་ནས་ཤོག་བྱའི་སྟེང་དུ་རི་མོའི་མཛེས་རྒྱན་སྣ་ཚོགས་སྤྲས་ཆོག་ཅིང་། ལྷག་དོན་དུ་དེ་སྔ་ཤོག་བྱ་ཚང་མ་རང་ཉིད་སོ་སོས་བཟོ་གི་ཡོད་པས་ཤོག་བྱ་བཟོ་བའི་བརྒྱུད་རིམ་ནང་རང་ཉིད་ཀྱི་སྙིང་རུས་ཆེ་རུ་གཏོང་བ་དང་། བཟོ་རྩལ་དང་ཚོས་གཞི་སྤེལ་སྟངས་སྦྱོང་བ་སོགས་གསར་གཏོད་དང་འཇོན་ཐང་སྐྱེད་སྲིང་གི་གོ་སྐབས་ལེགས་པོ་ཞིག་ཡིན།

ད་ལྟའང་ལྷ་ས་གྲོང་ཁུལ་དུ་ཤོག་བྱ་གློད་མཁན་དང་ཤོག་བྱ་ཚོང་མཁན་སྔར་བཞིན་མང་པོ་ཡོད་པ་མ་ཟད་བཟོ་ལྟ་དང་ཚོས་གཞི་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་ནི་སྤྱི་ཚོགས་གོང་འཕེལ་བྱུང་བའི་མཚོན་དོན་བཟང་པོ་ཞིག་ཡིན། སྒོས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན་པའི་ཤོག་བྱའི་བཟོ་རྩལ་རིན་ཐང་དང་རིག་གནས་ཀྱི་དོན་སྙིང་། མི་རིགས་ཀྱི་ཁྱད་ཆོས་བཅས་ལའང་དེ་བས་སྣང་ཆེན་བྱེད་ལུགས་ངམ་ངམ་ཤུགས་ཤུགས་སུ་མཚོན་པ་ཡིན་ནོ།
འབྲེལ་ཡོད་གསར་འགྱུར།