《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད།
ཟླ་9ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་18པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》ཅེས་པ་བཀོད་ཡོད་པ་རེད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། རྨང་གཞིའི་ཞིབ་འཇུག་ནི་ཚན་རིག་གི་མ་ལག་ཧྲིལ་པོའི་འབྱུང་རྩ་དང་། ལག་རྩལ་གྱི་གནད་དོན་ཚང་མའི་གནད་འགག་གཙོ་བོ། གོ་ལ་ཧྲིལ་པོའི་ཚན་རྩལ་འགྲན་རྩོད་ཀྱི་གཡུལ་ས་མདུན་མ་བཅས་རེད། རྒྱལ་ཁབ་ཅིག་གི་ཚན་རྩལ་སྟོབས་ཤུགས་ཆེ་ཆུང་གི་ཚད་གཞི་གལ་ཆེན་ཞིག་ནི་རྨང་གཞིའི་ཞིབ་འཇུག་གི་ཆུ་ཚད་ལ་ལྟ་རྒྱུ་དེ་རེད། འཛམ་གླིང་ཐོག་གི་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་ན་རྨང་གཞིའི་ཞིབ་འཇུག་ངེས་པར་དུ་གོང་དུ་སྤེལ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རྨང་གཞིའི་ཞིབ་འཇུག་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཚན་ཞིབ་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ་དང་། གཏོང་ཆར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱེད་པ་སོགས་བརྒྱུད། རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། དུས་མཚུངས་འཛམ་གླིང་ཐོག་གི་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་དང་བསྡུར་ན་ང་ཚོའི་རྨང་གཞིའི་ཞིབ་འཇུག་ཐད་སྔར་བཞིན་ཧེ་བག་ཡོད་པ་མཐོང་བར་བྱས་ཏེ། ཉེན་ཁ་ཚོར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་བཏང་ནས་ཤུགས་ཚད་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། རང་རྒྱལ་གྱི་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་མྱུར་ཡོང་བ་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། རྨང་གཞིའི་ཞིབ་འཇུག་མ་ལག་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་དགོས་ཤིང་། ཚན་རིག་ཆེན་པོའི་དུས་རབས་སུ་སླེབས་པ་ན་རྨང་གཞིའི་ཞིབ་འཇུག་རྩ་འཛུགས་ཅན་དུ་འགྱུར་ཚད་ཇེ་མཐོར་འགྲོ་བཞིན་ཡོད། དེས་ན་ང་ཚོས་སྤྱི་འདོམས་འཆར་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ཇུས་རང་བཞིན་དང་། རྒྱང་ལྟའི་རང་བཞིན། མ་ལག་ཅན་གྱི་བཀོད་པ་བཅས་གང་མགྱོགས་ཆགས་པར་བྱེད་དགོས། དམིགས་ཚད་དང་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང“ཕྱོགས་བཞིའི”འཐབ་ཇུས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་ཕུགས་ཀྱི་དགོས་མཁོ་ནས་འགོ་བཙུགས་ཏེ། རྨང་གཞིའི་ཞིབ་འཇུག་ཐད་ཀྱི་ཤུགས་རྒྱག་ས་གཙོ་བོ་དང་གཙོ་གནད་ཁྱབ་ཁོངས་སྔར་བས་ཁ་གསལ་བཟོ་དགོས། སྟོབས་ཤུགས་གཅིག་སྡུད་ཀྱིས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཡོངས་མཉམ་རུབ་སྒྲིག་སྲོལ་གསར་པའི་ལེགས་ཆ་འདོན་སྤེལ་བྱེད་པ། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་དང་། རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་སྒྲིག་གཞི། ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་ཆེན་སོགས་ཀྱི་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཞིབ་འཇུག་གསར་སྤེལ་གྱི་ལས་ཁུངས་གསར་པ་འཕེལ་རྒྱས་གཏོང་བར་སྐུལ་ལྕག་དང་ཚད་ལྡན་དུ་གཏོང་བ། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་གསར་སྤེལ། གྲུབ་འབྲས་གཞན་སྒྱུར་བཅས་ཀྱི་གསར་གཏོད་འབྲེལ་ཐག་ཤར་གཏོང་ཐུབ་པར་བྱེད་དགོས། རིག་ཚན་བཀོད་སྒྲིག་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་ཚན་བཀོད་སྒྲིག་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྨང་གཞིའི་རིག་ཚན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཉེར་སྤྱོད་རིག་ཚན་དང་རྨང་གཞིའི་རིག་ཚན་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ། རིག་ཚན་མང་པོ་ཕན་ཚུན་མཉམ་འདྲེས་དང་རིག་ཚན་བརྒལ་བའི་ཞིབ་འཇུག་བྱེད་པར་བསྔགས་སྐུལ་བཅས་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་དགོས་ཤིང་། རྨང་གཞིའི་ཞིབ་འཇུག་ཅེས་པ་དེ་མཐར་གཏུགས་ནས་བརྗོད་ན་ཆུ་ཚད་མཐོ་བའི་ཤེས་ལྡན་པར་བརྟེན་དགོས་ཀྱི་ཡོད། དེས་ན་སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པ་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་གསོ་སྐྱོང་དང་། གདན་ཞུ། བཀོལ་སྤྱོད་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་པར་བསྒྲུབས་ཏེ། རྨང་གཞིའི་ཞིབ་འཇུག་ཤེས་ལྡན་པའི་མི་གྲངས་འདང་ངེས་དང་། བྱང་ཚད་མཐོ་པོ། གྲུབ་ཆ་ལུགས་མཐུན་བཅས་ཡོང་བའི་འབད་བརྩོན་བྱེད་དགོས། རང་བརྟེན་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་པ་དང་། ཤེས་ལྡན་པ་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་འཇོག་གིས་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། རྨང་གཞིའི་ཞིབ་འཇུག་གི་རྗེས་གྲབས་སྟོབས་ཤུགས་ཟམ་མི་ཆད་པར་གསོ་སྐྱོང་བྱེད་པ། ཚན་སློབ་མཉམ་ལས་ཀྱིས་མི་སྣ་གསོ་སྐྱོང་གི་ལམ་སྲོལ་ལེགས་སུ་གཏོང་བ། ཚན་ཞིབ་ཀྱི་འཐབ་ས་དང་པོར་ཆུ་ཚད་མཐོ་བའི་ཤེས་ལྡན་པ་ཤེས་རྟོགས་དང་གསོ་སྐྱོང་བྱ་རྒྱུར་སྣང་ཆེན་བཅས་བྱེད་དགོས། ན་གཞོན་ཤེས་ལྡན་པར་རོགས་སྐྱོར་ཤུགས་ཆེན་བྱེད་པ་དང་། ལས་འགན་གྱིས་སྣེ་འདྲེན་དང་རྙིང་པས་གསར་པ་འཁྲིད་རྒྱུ་མཐའ་འཁྱོངས་བྱས་ཏེ། ན་གཞོན་ཚན་རྩལ་པ་འཚར་ལོངས་ཡོང་བ་དང་འཇོན་ཐང་ཅན་དུ་འགྱུར་ཆེད་ལམ་འདིང་བ་དང་ཟམ་པ་སྐྲུན་དགོས། ཁོར་ཡུག་ཡག་པོ་ཧུར་ཐག་བསྐྲུན་ནས་རྨང་གཞིའི་ཞིབ་འཇུག་པའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་པ་དང་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། གཞོན་ནུ་ལོ་ཆུང་གི་ཡ་མཚན་བསམ་པ་དང་ཤེས་འདོད་ཀྱི་བསམ་པ་དང་། བསམ་པའི་བཀོད་ཤུགས། འཚོལ་ཞིབ་ཀྱི་འདུན་པ་བཅས་འཕེལ་བར་བྱས་ནས་རྨང་གཞིའི་ཞིབ་འཇུག་ནང་ཞུགས་རྒྱུ་དེ་གཞོན་ནུ་ལོ་ཆུང་སྔར་བས་མང་བ་མི་ཚེའི་དོན་གཉེར་ཞིག་ཏུ་འགྱུར་བར་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། བསམ་བློའི་འགོག་རྐྱེན་དང་ལམ་ལུགས་ཀྱི་བཀག་རྒྱ་སེལ་ཕོད་པར་བྱས་ཏེ་རྨང་གཞིའི་ཞིབ་འཇུག་ལ་ཡུན་རིང་བརྟན་ལྷིང་གི་གཏོང་ཆ་འགན་ལེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་དགོས་པ་དང་། གྲོན་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྨང་གཞིའི་ཞིབ་འཇུག་གྲོན་དངུལ་གྱི་བསྡུར་ཚད་རིམ་བཞིན་མཐོ་རུ་གཏོང་བ་དང་། མ་དངུལ་གྲབས་གསོག་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བ། རྨང་གཞིའི་ཞིབ་འཇུག་གི་སྣ་མང་ཅན་གྱི་གཏོང་ཆ་གཏོང་ཤུགས་ཀྱི་བཀོད་པ་ཆགས་པར་བྱེད་པ། ཚན་རིག་ཐེབས་རྩའི་རོགས་སྐྱོར་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཞིབ་འཇུག་གི་ཆ་རྐྱེན་ལེགས་སུ་གཏོང་དགོས་ཤིང་། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་བརྒྱུད་རིམ་ལྡན་པོའི་སྒོ་ནས་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་ཀྱི་ཚན་རིག་གྲངས་གཞིའི་ལྟེ་གནས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། འཛམ་གླིང་གི་རྩེར་སོན་ཚན་རྩལ་དུས་དེབ་གང་མགྱོགས་གཏོད་པ། མི་ཐབས་རིག་ནུས་ཀྱིས་རྨང་གཞིའི་ཞིབ་འཇུག་ལ་མཐུན་རྐྱེན་སྦྱོར་བར་མཐོང་ཆེན་བྱེད་པ། རིག་ནུས་ཅན་གྱི་ཚན་ཞིབ་ལས་སྟེགས་མ་ལག་སྐྲུན་པ་བཅས་བྱེད་དགོས། ཚན་རྩལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། རྨང་གཞིའི་ཞིབ་འཇུག་གི་ཁྱད་ཆོས་དང་མཐུན་པའི་རིགས་དབྱེའི་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་གི་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཚན་ཞིབ་དོ་དམ་བྱེད་སྟངས་སྒྱུར་བཅོས་བཅས་བྱེད་དགོས། ཚན་ཞིབ་ཁོར་ཡུག་ལེགས་སུ་གཏོང་དགོས་ཤིང་། སྒོ་དབྱེ་བསྟུན་མཁས་དང་ཕམ་བཟོད་ཀྱི་གསར་གཏོད་ཁོར་ཡུག་སྐྲུན་པ་དང་། ཚན་ཞིབ་ཡིད་རྟོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་ཞིབ་རུལ་སུངས་ལ་ཆད་པ་མཐའ་གཅིག་ཏུ་གཅོད་པ་བཅས་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། རྨང་གཞིའི་ཞིབ་འཇུག་གི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཆེར་གཏོང་དགོས་ཤིང་། གོ་ལ་ཧྲིལ་པོའི་གསར་གཏོད་དྲ་རྒྱ་དང་རང་འགུལ་ངང་མཉམ་འདྲེས་བྱས་ཏེ། སྒོ་དབྱེ་མཉམ་ལས་ཁྲོད་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས་པ་དང་། སྲིད་གཞུང་དང་དམངས་ཁྲོད་ཀྱི་རྨང་གཞིའི་ཞིབ་འཇུག་ཐད་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཁག་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་དང་། ནུས་རྒྱུའི་ཁོར་ཡུག ཚེ་སྲོག་གི་བདེ་ཐང་སོགས་ཚན་རིག་གི་གནད་དོན་གལ་ཆེན་འགག་སྒྲོལ་བྱེད་པ། རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་ཚན་རིག་འཆར་གཞི་ཆེན་པོ་དང་ཚན་རིག་གི་ལས་གྲྭ་ཆེན་པོ་སྣེ་ཁྲིད་ནས་འགོ་འཛུགས་པ་དང་དེའི་ནང་ཞུགས་པ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ནང་ཧུར་ཐག་ཞུགས་དགོས།
རྩོམ་ཡིག་ནང་ནན་བཤད་བྱས་དོན། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པར་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞབས་ཞུའི་འགན་ལེན་ཡག་པོ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།