མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས་དབྱིངས་ཞུགས་རྣམ་པའི་སྐྱེ་ཁམས་སློབ་ཚན་ཐོག་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་གཏིང་ཟབ་བྱས་པ།
ཟླ་9ཚེས་8ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་ཟླ་བ་གོ་སྐབས་སུ་བྱས་ཏེ་གྲོང་ཤར་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་དང་། ཟི་ལིང་གྲོང་ཁྱེར་པོ་ཡོན་སློབ་གྲྭ ཟི་ལིང་ཙོང་ཆུའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་བཅས་དང་མཉམ་དུ“ཙོང་ཆུའི་བྱིས་པའི་བྱ་སྤྱོད། ལྗང་མདོག་ལམ་བུ་གསར་པ་འབྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ། སྐྱེ་ཁམས་སློབ་ཚན”གྱི་བྱེད་སྒོ་སྤེལ་ནས་གསར་དུ་ལག་ལེན་བསྟར་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》སློབ་གྲྭར་ཁྱབ་གདལ་བཏང་སྟེ་ཟུར་ཚད་མང་པོ་ནས་སློབ་མར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་ཐོག སྐྱེ་ཁམས་ཁྲིམས་སྐྱོང་གི་འདུ་ཤེས་སློབ་གྲྭར་རྩ་བ་ཚུགས་པར་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་སྤྲོ་འཕེལ་ཅན་དང་། ཡུལ་རྣམ་ཅན། དངོས་ཕན་ཅན་བཅས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་སྲོལ་རྒྱུན་གྱི་ཕྱོགས་རྐྱང་པའི་སློབ་ཁྲིད་བྱེད་སྟངས་བསྒྱུར་ཏེ་ཟི་ལིང་གྲོང་ཁྱེར་པོ་ཡོན་སློབ་གྲྭའི་སྐྱེ་ཁམས་སློབ་ཁྲིད་ཁང་སྟེ་ཞིང་ཆེན་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སྐྱེ་ཁམས་བསམ་བློ་ཆབ་སྲིད་སློབ་གསོའི་ལག་ལེན་རྟེན་གཞི་ཐོག་མ་དེ་གཞི་རྟེན་དུ་བྱས་ནས། དབྱིངས་ཞུགས་རྣམ་པའི་ཁྲིམས་སྐྱོང་ཚན་རྩལ་ཁྱབ་གདལ་སློབ་ཚན་བཏོད་པ་རེད། བྱེད་སྒོ་སྤེལ་རིང་། སློབ་གྲྭ་དེའི་སློབ་མའི་འགྲེལ་བཤད་པས་སློབ་མའི་སྣེ་ཁྲིད་དེ་སྐྱེ་ཁམས་སློབ་ཁྲིད་ཁང་གི་ལྐོག་གྱུར་འཚོལ་ཞིབ་བྱས་ཏེ་གད་སྙིགས་རིགས་དབྱེ་དང་། ནུས་རྒྱུ་གཙང་མ། ཙོང་ཆུ་འབབ་རྒྱུད་ཀྱི་རྩ་ཆེའི་རིགས་དངོས་སྲུང་སྐྱོང་སོགས་ཀྱི་ཤེས་བྱ་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་ནས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་ཐད་ཀར་མངོན་ཡོད། ཟི་ལིང་ཙོང་ཆུའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ལས་དོན་པས་སློབ་མར་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་ཆུ་ཡུར་བདག་སྐྱོང་སོགས་ཀྱི་རྒྱུན་གཏན་གྱི་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།