དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་རང་དར་གྱི་ལེའུ་གསར་པ་མཉམ་དུ་རྩོམ་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2026-09-16

    ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ངོས་འཛིན་གཅིག་མཐུན་དང་འབྱུང་འགྱུར་གསར་གཏོད་བྱས་ཏེ། འབོ་གསེར་མཉམ་ལས་ཀྱི“རྫོགས་ལྡན་ལོ་བཅུ”གསུམ་པ་འགོ་བཙུགས་ནས་དར་རྒྱས་ཡར་ཐོན་གྱི་འོད་སྟོང་འབར་བའི་མདུན་ལམ་མཉམ་དུ་གཏོད་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་རང་དར་གྱི་ལེའུ་གསར་པ་མཉམ་དུ་རྩོམ་འདོད་ཡོད།

    ཟླ་9ཚེས་12དང་13ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱ་གར་རྡི་ལི་གསར་པར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་སྟེ། འབོ་གསེར་མཉམ་ལས་ལམ་སྲོལ་གྱི་བགྲང་བྱ་20ཡི་འཕེལ་རྒྱས་དང་གྲུབ་འབྲས་ལ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་གནང་བ་དང་། འབོ་གསེར་རྒྱལ་ཁབ་ཀྱིས“གདོང་ལེན་ཆེན་པོ་བཞིའི”ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བཏོན་གནང་བ་མ་ཟད། ད་དུང་འབོ་གསེར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་གྲོས་འགོ་ཁག་5བཏོན་ནས“འབོ་གསེར་མཉམ་ལས་ཆེན་པོ”སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་ལམ་སྟོན་སྣེ་ཁྲིད་ཀྱང་གནང་བ་རེད།

    ད་ལོ་ནི་འབོ་གསེར་རྒྱལ་ཁབ་དབར་མཉམ་ལས་བྱས་ནས་ལོ་ངོ་20འཁོར་བའི་ལོ་ཞིག་རེད། བགྲང་བྱ་20ཡི་རིང་འབོ་གསེར་མཉམ་ལས་ལམ་སྲོལ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་སོང་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་ཆེན་པོ་མངོན་ཞིང་། དེང་སྐབས་འཛམ་གླིང་ཐོག་གི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ལས་སྟེགས་སུ་གྱུར་ཡོད། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་དུས་རིམ་དང་པོའི་ཚོགས་འདུར་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རང་ཚུགས་རང་དར”དང་། “སྐྱིད་སྡུག་མཉམ་མྱོང” “གྲུབ་འབྲས་གཡུར་ཟ”བཅས་ཀྱི་ཐ་སྙད་གསུམ་སྤྱད་དེ་འབོ་གསེར་མཉམ་ལས་ལམ་སྲོལ་གྱི་བགྲང་བྱ་20ཡི་འཕེལ་རྒྱས་བརྒྱུད་རིམ་སྙིང་བསྡུས་གནང་བ་རེད། མིག་སྔར་ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་ཆབ་སྲིད་ཀྱི་ཆུ་བོ་གྱེན་དུ་འཕྱུར་བ་དང་། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་རྡབ་རྡེག་ཕོག་པ། ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་འཕར་བ་ལས་ཆག་གི་མེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། འབོ་གསེར་རྒྱལ་ཁབ་ཀྱིས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཏེ། “གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གདོང་ལེན་པ་ཞིག་བྱེད་དགོས”ཞེས་དང་། “ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་མཁན་གདོང་ལེན་པ་ཞིག་བྱེད་དགོས” “ཤེས་དཔལ་དཔྱད་གཞིར་འཛིན་རེས་ལ་སྐུལ་འདེད་གཏོང་མཁན་གདོང་ལེན་པ་ཞིག་བྱེད་དགོས” “གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་སྟངས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་མཁན་གདོང་ལེན་པ་ཞིག་བྱེད་དགོས”ཞེས་གསུངས་ནས། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཀྱིས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཚོགས་སྤྱིའི་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་བྱུང་སྟེ། འཛམ་གླིང་སྣེ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་འགག་རྩའི་སྒུལ་ཤུགས་སུ་གྱུར་ཡོད། འཛམ་གླིང་བརྟན་ལྷིང་ཡོང་བ་དང་ཡག་ཏུ་འགྲོ་བར་བྱེད་དགོས་ན། འབོ་གསེར་རྒྱལ་ཁབ་ཀྱིས་ངེས་པར་དུ་ལོ་རྒྱུས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱེད་པ་དང་རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ལ་མཐུན་སྒྲིལ་བྱས་ཏེ། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་དགེ་མཚན་ལྡན་པ་དང་། བརྟན་ལྷིང་། དགེ་བརྩོན་བཅས་ཀྱི་ནུས་པ་བཏོན་ནས་མིའི་རིགས་ཀྱི་ཐུན་མོང་གི་བདེ་རྩ་ཆེ་རུ་གཏོང་དགོས། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་དུས་རིམ་གཉིས་པའི་ཚོགས་འདུར་ཀྲུའུ་ཞི་ཞི་ཅིན་ཕིང་གིས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་ནུས་པར་སྲུང་སྐྱོང་དང་ཕྱོགས་མང་སྒྲིག་གཞིའི་སྒྱུར་བཅོས་དང་ཕན་འབྲས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་ཁག་འདྲ་མཉམ་ངང་རྒྱལ་སྤྱིའི་ལས་དོན་ནང་ཞུགས་པར་འགན་སྲུང་བྱེད་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་ཁ་ཕྱོགས་མུ་མཐུད་ཡང་དག་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་གཟིགས་སྐྱོང་ཆེ་ཤོས་བྱེད་སའི་རྒྱལ་ཁབ་ཀྱི་ཐོབ་ཐང་སོགས་རྩ་དོན་ལ་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག འབྱུང་འགྱུར་ལ་ཕྱོགས་པའི་སྒྲིག་སྲོལ་གསར་པ་བཟོ་བར་འཚོལ་ཞིབ་ཧུར་ཐག་བྱེད་དགོས། གསར་སྤེལ་དངུལ་ཁང་གསར་པ་གཉེར་སྐྱོང་དང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་དངུལ་རྩའི་གཞི་སྒྲོམ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།

    བགྲང་བྱ་ཉི་ཤུ་སྐྱིད་སྡུག་མཉམ་མྱོང་བྱས། མཐུན་སྒྲིལ་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་འབོ་གསེར་བྱ་གཞག་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་རེད། སང་ལོར་ཀྲུང་གོས་འབོ་གསེར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་དགུ་པ་གཙོ་གཉེར་བྱ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ངོས་འཛིན་གཅིག་མཐུན་དང་འབྱུང་འགྱུར་གསར་གཏོད་བྱས་ཏེ། འབོ་གསེར་མཉམ་ལས་ཀྱི“རྫོགས་ལྡན་ལོ་བཅུ”གསུམ་པ་འགོ་བཙུགས་ནས་དར་རྒྱས་ཡར་ཐོན་གྱི་འོད་སྟོང་འབར་བའི་མདུན་ལམ་མཉམ་དུ་གཏོད་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་རང་དར་གྱི་ལེའུ་གསར་པ་མཉམ་དུ་རྩོམ་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།