བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞིས་དངུལ་རྩས་མཐའ་མཚམས་སྲུང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།
གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་དངུལ་ཁང་ལས་རིགས་དངུལ་རྩའི་སྒྲིག་གཞིས་དོན་དངོས་ལ་གཞི་ཚུགས་ཏེ་གྲངས་འཛིན་གྱི་མཐུན་རྐྱེན་སྦྱོར་བ་དང་ཐོན་རྫས་གསར་གཏོད་དང་ཞབས་ཞུ་གཤམ་སྤེལ་བྱས་ནས་དངུལ་རྩའི་ཐོན་ཁུངས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་སུ་རྒྱུན་ཆད་མེད་པར་འགྱུར་བ་བྱས་ཡོད།
གཞིས་རྩེ་གྲོང་ཁྱེར་གྱི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་ས་ཚིགས་མང་ལ་ལམ་ཐག་རིང་བའི་ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་ཁོངས་གཏོགས་ཀྱི་དངུལ་ཁང་སྒྲིག་གཞིས་ཤང་དང་གྲོང་རྡལ་ཀུན་ལ་ཁྱབ་པའི་ཞིང་ཕན་ཀུན་ཁྱབ་ཞབས་ཞུའི་ས་ཚིགས་དང“སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་ཞུའི་རུ་ཁག་ལ་བརྟེན་ནས“3+2”(གཟའ་འཁོར་རེར་ཉིན་3དྲ་ཚིགས་ནས་གཞུང་དོན་སྒྲུབ་པ་དང་ཉིན་2གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི)རྣམ་པ་དང་ནུས་པ་ཆ་ཚང་ལྡན་པའི་སྐོར་སྐྱོད་ཞབས་ཞུའི་རླངས་འཁོར་བརྒྱུད་ས་བབ་སྨི་4000ཡན་གྱི་ཐག་རིང་འབྲོག་རར་ཞབས་འདེགས་ཞུ་ཡི་ཡོད། 2026ལོ་ཚུན་དུ་སྐོར་སྐྱོད་དངུལ་རྩའི་ཞབས་ཞུ་གཞི་རིམ་དུ་ཐེངས་ཆིག་སྟོང་ལྷག་ཙམ་ཁྱབ་གདལ་བཏང་ནས“རྨང་གཞིའི་དངུལ་རྩ་གྲོང་ཚོ་ནས་སྒྲུབ་ཐུབ་པ་དང་ཕྱོགས་བསྡུས་དངུལ་རྩ་གྲོང་རྡལ་ནས་སྒྲུབ་ཐུབ་པ”མངོན་འགྱུར་བྱུང་སྟེ། ཞིང་འབྲོག་པའི་དངུལ་ལེན་དཀའ་བ་དང་དངུལ་བུན་གཡར་དཀའ་བའི་འཇུར་མིག་ནུས་ལྡན་ངང་བསལ་ཡོད་པ་རེད། དེ་དང་ཆབས་ཅིག རྒན་རྒོན་ཚོགས་སྤྱིར་དངུལ་སྨར་ལས་སྒོའི་དགོས་མཁོ་ཆེ་བར་དམིགས་ནས་གྲོང་ཁྱེར་ཡོངས་ཀྱི་དངུལ་ཁང་དྲ་ཚིགས་ཁག་གིས“མི་ཐབས་ཐ་སྐྱོང”གི་ཞབས་ཞུའི་རྣམ་པ་མཐའ་འཁྱོངས་བྱས་ཏེ། སྐད་གཉིས་ཞབས་ཞུའི་བྱེད་ཐབས་ལེགས་སུ་བཏང་བ་ལས་རྒན་འཕྲོད་ཅན་སྒྱུར་བཀོད་བྱེད་ཚད་100%ཟིན་ཡོད། ཀྲུང་གོ་མི་དམངས་དངུལ་ཁང་གཞིས་རྩེའི་མྱང་ཆུ་ཉིང་ལག་དངུལ་ཁང་མཚོན་བྱེད་དུ་བྱས་པའི་ཁག་དང་པོའི་རྒན་གསོའི་དངུལ་རྩའི་དཔེ་སྟོན་དྲ་ཚིགས་ཀྱིས“རྒན་བཀུར་ཆེད་མི”བཙུགས་ནས་ཞིང་འབྲོག་པ་རྒན་རྒོན་ཚོར་རིག་ནུས་སྒྲིག་ཆས་སྤྱོད་སྟངས་དང་དངུལ་རྩའི་ཉེན་ཁ་དབྱེ་བ་འབྱེད་སྟངས་དམར་ཁྲིད་བྱས་ཏེ། དངུལ་རྩའི་ཞབས་ཞུ་དེ་བས་ལེགས་པ་སྒྲུབ་ཐུབ་པར་བྱས་ཡོད།
གཞན་ཡང་། ཀྲུང་གོ་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དོན་དངོས་ལ་གཞིགས་པ་དང་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞིས་ཡུལ་བབ་དང་བསྟུན་ནས“མཐའ་བརྟན་དངུལ་བུན”དང“མཐའ་མཚམས་ཚོང་དོན་དངུལ་བུན”སོགས་ཆེད་དོན་ཐོན་རྫས་གསར་གཏོད་དང་ཁྱབ་གདལ་གཏོང་བར་ཁྲིད་སྟོན་བྱས་ཏེ་ནས་དང་འབྲི་གཡག་དེ་བཞིན་བོད་སྨན་ཐོན་ལས་བཅས་རྒྱ་སྟོབས་ཆེ་རུ་གཏོང་བར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས། དངུལ་རྩའི་ཐོན་ཁུངས་དེ་ས་སྲུང་མཐའ་བརྟན་གྱི་སྒུལ་ཤུགས་ཆེན་པོར་རྒྱུན་ཆད་མེད་པར་འགྱུར་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།