དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྥུའུ་ཅན་ཉིང་ཧྭ་ཡིས་གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་བ།

    གསར་བརྗེའི་ས་གཞིའི་སྟེང་ནས་དམག་དུང་གྲགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲུང་ཙེ་ཝེ།   |     སྤེལ་དུས།  2026-09-16

    ཧྥུའུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་ཉིང་ཧྭ་རྫོང་ནི་ཀྲུང་དབྱང་གི་གཙོ་ཤུགས་དམར་དམག་རྒྱང་སྐྱོད་ལ་ཆས་ས་གཙོ་བོའི་གྲས་ཤིག་རེད། 1934ལོར་ཀྲུང་དབྱང་གི་གཙོ་ཤུགས་དམར་དམག་ཁྲི་1.4ཙམ་ཉིང་ཧྭ་ནས་ཐོན་ཏེ་རྒྱང་སྐྱོད་ཀྱི་འགོ་ཚུགས། རྒྱང་སྐྱོད་ལ་ཞུགས་མཁན་ཉིང་ཧྭ་ནས་ཡིན་པའི་དམར་དམག་6600ལྷག་ཙམ་ཡོད་ཀྱང་ཧྲའན་པེ་རུ་སླེབས་སྐབས་མི་58ལས་ལྷག་མེད།

    ཉིང་ཧྭ་རྫོང་གི་གསར་བརྗེའི་དྲན་གསོ་ཁང་གི་ཕུན་སུམ་ཚོགས་པའི་འགྲེམས་རྫས་དེ་དག་ནི་དམག་འཁྲུག་གི་ལོ་ཟླའི་རྗེས་དྲན་བརྗོད་བཞིན་པ་དང་གཉིས་སུ་མ་མཆིས་ཤིང་། འགྲེམས་སྟོན་ཁང་གི་གཅེས་ནོར་ནི་ཚོས་མདོག་ལོག་ཟིན་པའི་དམག་སྤྱོད་ཀྱི་དབྱངས་ཚིགས་ཤིག་རེད།

    “འདི་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་སྟེ། རྒྱལ་ཡོངས་སུ་ཉར་ཚགས་ཆ་ཚང་ཤོས་ཀྱི《ཀྲུང་གོ་བཟོ་ཞིང་དམར་དམག་གི་དམག་སྤྱོད་དབྱངས་ཚིགས》རེད”ཅེས་དྲན་གསོ་ཁང་གི་གསལ་འགྲེལ་པ་དབྱང་ལི་ཐིང་གིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། དབྱངས་ཚིགས་ནང་དམག་དུང་གི་དབྱངས་གཞུང་300ལྷག་ཙམ་ཉར་ཚགས་བྱས་ཡོད་པ་དང་ནང་དོན་གྲས་སུ་དམར་དམག་གི་འཚོ་བ་དང་། སྦྱོང་བརྡར། དམག་འཐབ་བཀའ་རྒྱ་སོགས་ཆ་འཕྲིན་ཚུད་ཡོད་པ་རེད།

    དབྱངས་ཚིགས་ཀྱི་བདག་པོ་ནི་ཉིང་ཧྭ་ནས་ཡིན་པའི་དམར་དམག་རྒན་གྲས་ལུའོ་ཀོང་མའོ་རེད། ལུའོ་ཀོང་མའོ་ལོ་15ནས་དམར་དམག་ནང་ཞུགས་རྗེས་དམག་དུང་གཏོང་མཁན་ཞིག་ཏུ་གྱུར། 1934ལོར་ལུའོ་ཀོང་མའོ་དམག་འཐབ་ཁྲོད་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་གཙོ་ཤུགས་དཔུང་སྡེ་དང་འབྲེལ་བ་ཆད། དབྱངས་ཚིགས་སྲུང་སྐྱོབ་ཡག་པོ་ཡོང་ཆེད། ལྐོག་ཏུ་ཕ་ཡུལ་ལ་ལོག་པ་དང་དབྱངས་ཚིགས་ཨ་མར་བཅོལ་ནས་ཅ་ག་ཡག་པོ་བྱེད་རོགས་ཞེས་བཤད།

    འོན་ཀྱང་ཨ་མ་ལོ་ན་བགྲེས་པས་གང་དུ་བཞག་མིན་མ་དྲན། མཐར་1974ལོར་ཁོང་ཁྱིམ་གྱི་ཁང་པ་གསར་པ་རྒྱག་སྐབས་སྙེ་ཚང་གི་བང་ཁྲིའི་འོག་ནས་ལོ་བཅུ་གྲངས་ལྷག་ལུས་པའི་དབྱངས་ཚིགས་དེ་རྙེད། 1975ལོར་ལུའོ་ཀོང་མའོ་ཡིས་དབྱངས་ཚིགས་དང་དམག་དུང་གཅུས་ཁ་མཉམ་དུ་ཞལ་འདེབས་ཕུལ།

    སྤྱིར་བཏང་མིན་པའི་ལོ་ཟླ་བརྒྱུད་རྗེས་ད་ཆ་གསར་བརྗེའི་ས་གཞི་དེ་ནས་གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་དམག་དུང་གསང་པོ་ཞིག་གྲགས་འོང་།

    ཉིང་ཧྭ་རྫོང་ཧོའེ་ཐུའུ་གྲོང་རྡལ་ཧྥེང་ཧོང་ཧྲན་གྲོང་ཚོར་དེ་སྔ་དམར་དམག་སྡོད་མྱོང་ཡོད་པས“དམར་དམག་ཁྲོམ་གཞུང”ཞེས་པའི་མིང་ཐོབ་པ་དང་ད་ཆ་གསར་བརྗེའི་མཛེས་ལྗོངས་ཁུལ་ལ་གྱུར་ཡོད།

    ཧྥེང་ཧོང་ཧྲན་གྲོང་ཚོས་གནས་ཡུལ་རྙིང་པ་ཉམས་གསོ་དང་། ཁྱད་ཆོས་སླར་གསོ། རིག་གནས་ཡུལ་སྐོར་གྱི་ལྷན་སྦྱར་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ཁ་ཐོར་དུ་གནས་པའི་གསར་བརྗེའི་གནས་ཡུལ་རྙིང་པར་བརྟེན་ནས་གསར་བརྗེའི་སྤུས་དག་གི་ཡུལ་སྐོར་ལམ་ཐིག་བཏོད་ཡོད།

    ཉིང་ཧྭ་རྫོང་ཧྲི་པི་གྲོང་རྡལ་ཁྲེན་ཐང་གྲོང་ཚོར་ཁེ་ཅ་བའི་གནའ་བོའི་ཁང་པ་ཐོག་སོ་ཉིས་ལྡན་སྒོ་ར་ཅན་ཞིག་ཡོད་པ་དེ་ནི་ཁྲེན་ཐང་དམར་དམག་གི་སྨན་ཁང་བཞི་པའི་གནས་ཡུལ་རྙིང་པ་གནས་ས་རེད། ད་ཆ་འདི་གར་རྒྱལ་ཁབ་ཀྱི་AAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བསྐྲུན་ཡོད། ཁྲེན་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཡན་པིང་གིས་དམར་དམག་གི་ཐོན་ཁུངས་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་ལ་བསྒྱུར་བས་མིག་སྔར་ལོ་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་6ཙམ་གྱི་ཡིད་དབང་འགུག་ཐུབ་ཀྱི་ཡོད་ཅེས་བཤད།

    ཉིང་ཧྭ་རྫོང་ཨུད་ཏང་གི་ལོ་རྒྱུས་དང་ས་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཞེ་ལི་མེ་ཡིས། ཉིང་ཧྭ་ཡིས་ཉེ་བའི་ལོ་ཤས་རིང་གསར་བརྗེའི་རྗེས་ཤུལ་50ལྷག་ཙམ་གསར་སྣོན་བྱེད་པར་ཁུངས་འཚོལ་ར་སྤྲོད་བྱས་ཏེ། ཤང་ཅང་དམག་འཐབ་ཁྲོད་ཉིང་ཧྭ་ནས་ཡིན་པའི་སྔོན་གཤེགས་དཔའ་བོའི་མིང་ཐོ་ལེགས་སྒྲིག་གིས་ཆེད་དོན་བརྙན་པར་དང་དྲ་ཐོག་གི་ཤེས་བྱའི་འགྲན་བསྡུར་སོགས་ཐབས་ལམ་སྣ་མང་བརྒྱུད་དེ་གསར་བརྗེའི་ལོ་རྒྱུས་དཔྱད་གཞིར་གསོན་ཤུགས་རྒྱས་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་དང་ཁོང་གིས“དམར་དམག་གི་གཏམ་རྒྱུད་སྲུང་སྐྱོང་ཡག་པོ་དང་ཡག་པོ་བཤད་དེ་ང་ཚོའི་སྙིང་སྟོབས་ཀྱི་རྩ་བ་སྲུང་དགོས”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།