དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལག་གདང་སྦྲེལ་ནས་ཕུགས་འདུན་དོན་གཉེར་བྱེད། ངོགས་གཉིས་ཀྱི་སྤུན་ཟླའི་སྤེལ་རེས་བགྲོ་གླེང་བྱེད་སྒོ”སྐབས་དྲུག་པ་ཤིན་ཅང་དུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-16

    “ཞི་བདེ་འཕེལ་རྒྱས་དང་། ཁྱིམ་གཞིས་སྲུང་བ། མཐུན་སྒྲིལ་འབད་འཐབ། ཐུན་མོང་བསྐྱར་དར”བཅས་བརྗོད་དོན་གཙོ་བོར་བྱས་པའི“ལག་གདང་སྦྲེལ་ནས་ཕུགས་འདུན་དོན་གཉེར་བྱེད། ངོགས་གཉིས་ཀྱི་སྤུན་ཟླའི་སྤེལ་རེས་བགྲོ་གླེང་བྱེད་སྒོ”སྐབས་དྲུག་པ་ཟླ་9ཚེས་11ཉིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་ཡོད་ཕྱོགས་དང་ཏང་ཤོག་ཚོགས་པའི་འགན་འཁུར་བ་དང་འཐུས་མི་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་སྤུན་ཟླ་ཐའེ་དབན་བ་དང་ཐའེ་དབན་གྱི་གཞོན་ནུའི་འཐུས་མི་བཅས་120ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཐའོ་ཡིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྒྲོན་སྐབས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྱུར་མེད་སྟོབས་ལྡན་དང་གཅིག་གྱུར་གྱི་རྒྱལ་ཁབ་ནི་ཐོག་མཐའ་བར་གསུམ་དུ་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ལས་དབང་དང་འབྲེལ་བ་ཡོད། ངོགས་གཉིས་ཀྱི་སྤུན་ཟླས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱེད་པ། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ཀྲུང་གོ་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ནས་མི་རིགས་བསྐྱར་དར་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་ཞེས་གསུངས་ཡོད། གླིང་ཕྲན་ནང་གི་རྒྱལ་གཅེས་གཅིག་གྱུར་སྟོབས་ཤུགས་ཀྱི་སེམས་པ་མེས་རྒྱལ་ལ་ཕྱོགས་ནས་བདེན་དོན་བརྟན་སྲུང་བྱས་ཏེ་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་ལ་ནུས་པ་འདོན་པ་དང་རྒྱལ་ཁབ་གཅིག་གྱུར་ཡོང་ཆེད་སྟོབས་ཤུཌ་སྐྱེས་སུ་འབུལ་དགོས། རླབས་ཆེན་མེས་རྒྱལ་ནི་ནམ་ཡང་གླིང་ཕྲན་ནང་གི་རྒྱལ་གཅེས་གཅིག་གྱུར་སྟོབས་ཤུགས་ཀྱི་རྒྱབ་རྟེན་བརྟན་ཤོས་དེ་ཡིན།

    ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཞའོ་ཅང་གིས་ཤིས་ཚིག་སྒྲོན་སྐབས་གསུངས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་དང་སྐུལ་འདེད་འོག ཤིན་ཅང་དང་ཐའེ་དབན་དབར་གྱི་སྤེལ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་ཆུ་ཚད་དེ་བས་མཐོ་བ་དང་། ཁྱབ་ཁོངས་དེ་བས་ཡངས་པ། རིམ་པ་དེ་བས་གཏིང་ཟབ་པ་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུ་རེད། ཤིན་ཅང་གིས་ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱེད་པའི་དུས་རབས་གསར་པའི་ཏང་གི་སྤྱིའི་ཐབས་ཇུས་དང་ཏང་ཀྲུང་དབྱང་གི་ཐའེ་དབན་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བ”མཐའ་འཁྱོངས་བྱེད་པ། ཐའེ་དབན་ལ་ཕན་འདོགས་པ་དང་དམངས་ལ་ཕན་འདོགས་པའི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྤུན་ཟླ་ཐའེ་དབན་བ་དང་ཤིན་ཅང་གི་མི་རིགས་ཁག་གི་མང་ཚོགས་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་དང་མེས་རྒྱལ་གཅིག་གྱུར་གྱི་དོན་ཆེན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན།

    ཀྲུང་གོ་གོ་མིན་ཏང་གི་དེ་སྔའི་ཀྲུའུ་ཞི་དང་ཀྲུང་ཧྭ་ཆིང་ཡན་ཞི་བདེ་སློབ་གསོའི་ཐེབས་རྩ་ལྷན་ཚོགས་ཀྱི་ཏུང་ཧྲི་ཀྲང་ཧུང་ཤིའུ་ཀྲུའུ་དང་། ཐའེ་དབན་ངལ་རྩོལ་ཏང་གི་ཀྲུའུ་ཞི་ཝུའུ་རུང་ཡོན། ངོགས་གཉིས་ཀྱི་གཞོན་ནུའི་འཐུས་མི་བཅས་ཀྱིས་ཤིས་ཚིག་སྒྲོན་སྐབས། ངོགས་གཉིས་ནི་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་དང་ཀྲུང་གོའི་ས་གཞི་ཆེ་མོ་ནི་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་ཁྱིམ་གཞིས་ཡིན་པ་དང་། ཞི་བདེ་གཅིག་གྱུར་ཡོང་བ་བྱེད་པ་ནི་ཐའེ་དབན་ཡུན་རིང་བདེ་འཁོད་ཡོང་བའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་ཞིག་རེད། ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་ལོ་རྒྱུས་རིག་གནས་དང་ཤ་ཁྲག་འདྲེས་པའི་བརྩེ་དུང་ལ་སྲུང་སྐྱོང་བྱས་ཏེ“ཐའེ་དབན་བ་ནི་ཀྲུང་གོ་བ་ཡིན་པའི”ཐོབ་ཐང་གི་མོས་སེམས་བརྟན་དུ་གཏོང་བ་དང་། “ཐའེ་དབན་རང་བཙན”དང“ཀྲུང་གོ་ཅན་དོར་བར”ངོ་རྒོལ་བྱེད་པ། ཕྱི་ཕྱོགས་ཕྱོགས་གཏོགས་ཀྱི་དཀྲུག་ཤིང་དང་བཀོལ་སྤྱོད་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་ཐོག་ནས་ངོགས་གཉིས་ཀྱི་གྲོས་མོལ་དང་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས། དམངས་ཁྲོད་དུ་གཞི་ཚུགས་པ་དང་མང་ཚོགས་ཁྲོད་བསྐྱོད་ནས་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་དང་མི་རིགས་བསྐྱར་དར་ཐུན་མོང་ཐོག་དོན་གཉེར་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

    སྐབས་འདིའི་བྱེད་སྒོ་ནི་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བའི་ཞིབ་འཇུག་ལྟེ་གནས་དང་ཐའེ་དབན་གྱི་རྒྱལ་གཅེས་གཅིག་གྱུར་ཚོགས་པས་མཉམ་དུ་གཉེར་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།