དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཁ་ཆེ་ཤ་སྐམ་དང་ལི་གྲོས་བདེ་སྐྱིད་ལམ་བུ་བཏོད་པ།

    —— ས་སྐྱ་རྫོང་བྲག་མཇུག་ཤང་གི་ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར་བྱས་པའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-16

    གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་མཇུག་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་གླིང་ཁུལ་གྱི་ཁ་ཆེ་ཤ་སྐམ་ནང་འདྲེན་འདེབས་འཛུགས་རྟེན་གཞིར་སྲན་ཆེན་སྟར་པ་དང་སྟར་པ་བྱས་ནས་གྲལ་འགྲིག་པོར་བཏབ་ཡོད། མིག་སྔར་ཁ་ཆེ་ཤ་སྐམ་སྐྱེ་འཚར་ཞན་པའི་དུས་སུ་སླེབས་པ་དང་དྲོད་ཁང་ནང་བཏབ་པའི་སྲན་ཆེན་གྱིས་ས་རྒྱུའི་འཚོ་བཅུད་གསོ་འཁྱོངས་དང་ས་བཅུད་བསགས་ནས་ཁ་ཆེ་ཤ་སྐམ་སྐྱེ་འཚར་གྱི་དུས་འཁོར་རྗེས་མ་བསུ་བཞིན་ཡོད།

    ཁ་ཆེ་ཤ་སྐམ་ནི་བོད་ཀྱི་གདོད་སྐྱེས་སྐྱེ་དངོས་ཤིག་མ་རེད། ཡིན་ནའང་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པས་བྲག་མཇུག་ཤང་གི་ས་བབ་མཐོ་བ་དང་། ཉི་འོད་ཕོག་ཤུགས་ཆེ་བ། དྲོད་ཚད་ཧེ་བག་ཆེ་བ་བཅས་ནི་ཁ་ཆེ་ཤ་སྐམ་སྐྱེ་སའི་ཁོར་ཡུག་ཡག་པོ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད།

    ཁོར་ཡུག་དེ་ཁ་ཆེ་ཤ་སྐམ་འདེབས་པར་འཚམ་པ་ལས་སྐྱེ་བདེ་པོ་ཡོད་པ་ཞིག་མ་ཡིན། ས་བོན་བཏབ་ནས་དགུན་སྒྲོལ་བྱ་རྒྱུ་ནི་དཀའ་གནད་ཆེ་ཤོས་དེ་རེད། “འདེབས་མ་ཐག་དགུན་དུས་ས་བོན་རུལ་ཚད་10%ནས་15%བར་ཟིན་གྱི་ཡོད། ཧྲང་ཧའེ་ཡི་བོད་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་ས་སྐྱ་རྫོང་གིས་ཧྲང་ཧའེ་སྨན་བཅོས་ཚད་ཡོད་ཀུང་སིའི་སྨན་རྒྱུ་ཚན་ཞིབ་ཚོགས་པ་དང་མཉམ་དུ་འགག་སྒྲོལ་བྱས་ཏེ་ས་མཐོའི་ཚད་ལྡན་ཅན་གྱི་འདེབས་འཛུགས་ཇུས་གཞི་འཚོལ་ཞིབ་ཐུབ་ནས་ད་ཆ་རུལ་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད”ཅེས་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་པ་དང་ས་སྐྱ་རྫོང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཡུས་ཧྥེ་ཡིས་ངོ་སྤྲོད་བྱས།

    ད་ཆ་གླིང་ཁུལ་དུ་ཁ་ཆེ་ཤ་སྐམ་འདེབས་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་ཁ་ཆེ་ཤ་སྐམ་གྱི་ཕན་ལྡན་གྲུབ་ཆ་རྒྱལ་ཁབ་ཀྱི་ཚད་གཞི་ལས་ཀྱང་ལེགས་པ་ཡོད། དེ་བས་འགག་རྩ་ནི་ཁ་ཆེ་ཤ་སྐམ་འཐུ་རྒྱུ་དེ་ཞིབ་ཚགས་ཀྱི་ལག་ཤེས་ཤིག་ཡིན་པས་ས་གནས་དེ་གའི་ཕྱིར་གླ་པར་སྐྱོད་མི་བདེ་བའི་ཞིང་འབྲོག་པ་འབོར་ཆེན་ལས་མིར་བསྡུས་ཡོད།

    དྲོད་ཁང་ནས་ཕྱིར་དོན་སྐབས་མཐོང་རྒྱ་ཧ་ཅང་ཆེན་པོ་ཡོད་པ་དང་། མུའུ་ཁྲི་ཟིན་པའི་ལི་གྲོའི་ཞིང་ཁར་སྙེ་མའི་གྲ་གཏོང་སྐབས་དང་ཏག་ཏག་འཁེལ་བས་སྙེ་མགོ་རླུང་ཕྱོགས་དང་བསྟུན་ནས་གཡོ་བ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

    “ཐོག་མར་ཡོང་སྐབས་དེ་གར་ཐང་རྒོད་ཡིན་པས་ལྷགས་པ་རྒྱག་སྐབས་གང་སར་བྱེ་མས་ཁེངས་ཀྱི་འདུག གཟིགས་དང་ད་ལྟ་སྔོ་ཐིང་ངེར་གནས་ཡོད”ཅེས་ཀྲུང་གོ་ལི་གྲོའི་ཚན་རྩལ་མཐོ་བའི(ས་སྐྱ)ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧན་ཐའོ་ཡིས་མྱོང་ཚོར་ཟབ་མོས་བཤད།

    2023ལོ་ནས་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། ཧྲང་ཧའེ་ཡི་ཁ་གཏད་བོད་སྐྱོར་གྱི་གོ་སྐབས་དང་བསྟུན་ནས་ས་སྐྱ་རྫོང་གིས་ཀྲུང་གོ་ལི་གྲོའི་ཚན་རྩལ་མཐོ་བའི་ལི་གྲོ་ནང་འདྲེན་བྱས་ཏེ་ཁེ་ལས་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་རྣམ་པ་ཁྱབ་གདལ་བཏང་བ་དང་བྲག་མཇུག་ཤང་གི་སྲིད་འཛིན་གྲོང་ཚོ་8ཀྱི་ས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཚད་གཞི་མཐོ་བའི་ལི་གྲོ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་འཕེལ་རྒྱས་བཏང་བ་རེད། ཁག་དང་པོར་ཚོད་འདེབས་བྱས་པའི་སྣ་ཁ་17ཚང་མ་སྐྱེ་འཚར་ཡག་པོ་བྱུང་བ་དང་ད་ཆ་འདེབས་ཁྱོན་མུའུ་ཁྲི་ལས་བརྒལ་ནས་དེ་སྔའི་བེད་མེད་དུ་ལུས་པའི་ས་སྟོང་དག་རྒྱུན་མཐུད་ཡོང་འབབ་གསོག་སའི་ནོར་གཞོང་དུ་གྱུར་ཡོད།

    འདེབས་འཛུགས་ཡག་པོ་བྱེད་དགོས་ལ་བྲིན་ཁ་དེ་བས་རྒྱུག་པོ་དགོས། འདེབས་འཛུགས་རྟེན་གཞིར་བརྟེན་ནས་ཀུང་སིས་མ་དངུལ་བཏང་སྟེ་ལི་གྲོའི་ཐོན་སྐྱེད་བརྒྱུད་རིམ་ཆ་ཚང་བསྐྲུན་པ་དང་སྤུས་ལེགས་ལི་གྲོ་དང་ལི་གྲོའི་གྲོ་ཞིབ་ཐོན་སྐྱེད་བྱས་པ་མ་ཟད། ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་གསར་སྤེལ་བྱས་པ་དང་ཕྱིར་ཚོང་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། བོད་ཀྱི་ལི་གྲོ་ས་གནས་ཁག་གི་ཁྲོམ་རར་བཏོན་ཐུབ་པ་བྱུང་ཡོད། “ན་ནིང་ང་ཚོས་ལི་གྲོ་སྒོར་ཁྲི་1000ཙམ་ཟིན་པ་བཙོངས་པ་ཡིན”ཞེས་ཧན་ཐའོ་ཡིས་བཤད།

    ཐོན་ལས་འཕེལ་རྒྱས་བཏང་ཚེ་མཐར་ཕན་པ་ཐོབ་མཁན་ནི་མི་སེར་རེད། བྲག་མཇུག་ཤང་གསིང་མ་གྲོང་ཚོའི་ན་གཞོན་བཀྲ་ཤིས་སློབ་ཆེན་ཐོན་མ་ཐག་ཕ་ཡུལ་དུ་ལོག་ནས་ལི་གྲོའི་རྟེན་གཞིའི་ལག་རྩལ་པར་གྱུར། བཀྲ་ཤིས་ཀྱིས་གསར་འགོད་པར“དེ་སྔ་ཕྱུགས་རིགས་འཚོ་ས་ནས་ལོ་གཅིག་ལ་ཡོང་འབབ་དེ་ཙམ་རག་གི་མེད། 2023ལོར་རྟེན་གཞིས་ས་ཞིང་བརྒྱུད་བཤུག་བྱས་རྗེས་ཁྱིམ་ལ་ལོ་ལྟར་བོགས་དངུལ་སྒོར་ཁྲི་2ཙམ་རག་པའི་ཁར་ཟླ་རེར་གླ་ཆ་སྒོར་5000ཡོད་པས་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་6བར་འཕར་སོང”ཞེས་བཤད།

    མཐོ་ཚད་སྨི་4000ཡོད་པའི་ས་སྐྱ་རྫོང་དུ་ཁ་ཆེ་ཤ་སྐམ་དང་ས་མཐོའི་ལི་གྲོ་སོགས་ཁྱད་ལྡན་ཐོན་ལས་ཀྱིས་རྒྱལ་ཁབ་རིམ་པའི་གླིང་ཁུལ་ལས་སྟེགས་སུ་བྱས་ཏེ་ཚན་རྩལ་དང་བོད་སྐྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས་ས་གནས་དེ་གའི་ཞིང་འབྲོག་པར་བདེ་སྐྱིད་ཚད་མེད་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།