དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་། ངའི་ཁྱིམ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-16

    སྐྱིད་གྲོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་ཀྱི་ཉིན་19པར། རི་ཚོགས་ཀྱིས་བསྐོར་བའི་སྐྱིད་གྲོང་གྲོང་རྡལ་དུ་སྔར་རྒྱུན་གྱི་འཚོ་བའི་གོམ་སྟབས་རིམ་བཞིན་སླར་གསོ་བྱེད་བཞིན་ཡོད་པ་དང་། གྲོང་རྡལ་དུ་སྐྱོད་སྐབས་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་སྒོ་ཕྱེ་ནས་ཚོང་རྒྱག་བཞིན་ཡོད། ཧུད་རིགས་ཀྱི་ཚོང་པ་མཱ་ཧྲེ་མུའུ་བོད་དུ་འཚོ་བ་བསྐྱལ་ནས་ལོ་20ཙམ་སོང་བས་སྔ་ས་ནས་དེ་གའི་འཚོ་བར་གོམས་ཡོད་པ་རེད། གསར་འགོད་པས་ཁོང་མཐོང་སྐབས་ཁོང་གིས་བོད་སྐད་ཆུ་རྒྱུག་རྒྱུག་བརྒྱབ་ནས་ཁྱིམ་མཚེས་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་འདུག

    “སྐྱིད་གྲོང་ནི་ངའི་ཁྱིམ་ཡིན། སྐྱིད་གྲོང་མགྱོགས་མྱུར་སླར་གསོ་ཐུབ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། ང་རང་ཡང་མུ་མཐུད་འདི་གར་ཚོང་རྒྱག་པ་དང་འཚོ་བ་སྐྱེལ་རྒྱུ་ཡིན”

    ཁྲོམ་གཞུང་དུ་གསར་འགོད་པས་ཇ་ཁང་ཞིག་ནང་འཛུལ་བ་ཡིན། ཇ་ཁང་གི་སྦྱིན་བདག་ཉི་མ་ཆོས་འཛོམས་དང་སྤོ་བོ་ངག་བསྟན་གཉིས་ཇ་ཁང་ནང་ལས་ཀ་བྱེད་བཞིན་འདུག ཁོང་གཉིས་ཀ་ས་སྐྱེས་རྡོ་སྐྱེས་ཀྱི་སྐྱིད་གྲོང་བ་རེད་འདུག

    2009ལོ་ནས་ད་བར། སྤོ་བོ་དང་ཚ་མོ་གཉིས་ཀྱིས་གྲོང་རྡལ་ཆུང་ངུ་དེ་ལོ་རེ་བཞིན་འཕོ་འགྱུར་འགྲོ་བ་མཐོང་མོད། འོན་ཀྱང་གློ་བུར་དུ་བྱུང་བའི་གནོད་འཚེ་ལས་ཁྱིམ་གཞིས་ལ་གཏོར་སྐྱོན་ཕོག་པ་མ་ཟད། ཁོང་ཚོའི་སེམས་སུ་ཡང་སྡུག་བསྔལ་ཚད་མེད་བཟོས་ཡོད། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་རོགས་རམ་འོག་སྐྱིད་གྲོང་བས་གྲོང་རྡལ་ཆུང་ངུ་སྔ་ཙམ་སླར་གསོ་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད།

    གྲོང་རྡལ་གྱི་ཡ་གླིང་ལྷོ་མའི་སྐྱིད་དར་ཨར་ཁང་ཆེན་མོས་རང་འགུལ་ངང་འཐབ་ས་དང་པོའི་རོགས་སྐྱོབ་མི་སྣར་རིན་མེད་ངང་སྡོད་ཁང་མཁོ་འདོན་བྱས་ཡོད། ཉིན་དེ་དག་རིང་རོགས་སྐྱོབ་མི་སྣའི་དཀའ་ངལ་དེ་ཚོམས་ཆེན་གྱི་ཅིང་ལི་བཀྲ་ཤིས་གཡང་འཛོམས་ཀྱིས་གསལ་པོར་མཐོང་ཡོད། ཉེན་སེལ་བྱེད་རིང་མེ་གསོད་རུ་མིས་རྒྱུན་དུ་མཚན་གུང་བར་ལས་ཀ་བྱས་ནས་གཟུགས་པོ་ཡོངས་འདམ་བག་གིས་འཚོས་པ་དང་གོམ་པ་ལྕི་པོ་ཞིག་སྤོས་ཏེ་ངོ་གདོང་ནས་ངལ་དུབ་ཀྱི་སྣང་བ་ཞིག་བསྟེར་གྱི་འདུག གནས་ཚུལ་དེ་དག་སྐོར་གླེང་སྐབས་བཀྲ་ཤིས་གཡང་འཛོམས་ཀྱིས་མགྲིན་པ་བརྣངས་བཞིན“ཁོང་ཚོའི་ལུས་པོ་ཡོངས་འདམ་བག་གིས་འཚོས་པ་དང་གཟུགས་པོ་ཐང་ཆད་པ་མཐོང་སྐབས་སེམས་ནང་ཁོང་ཚོར་སྙིང་རྗེ་ཡི་འདུག”ཅེས་བཤད།

    ལོ་24ལ་སླེབས་པའི་ཉི་མ་དོན་གྲུབ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་སྐྱིད་གྲོང་བ“00ནང་སྐྱེས”ཤིག་ཡིན་པ་དང་ད་ཆ་གྲོང་རྡལ་དུ་བོད་ཟས་ཟ་ཁང་ཞིག་གཉེར་བཞིན་ཡོད། 2024ལོར་སློབ་ཆེན་ཐོན་རྗེས་ཁོང་གིས་སྐྱིད་གྲོང་གི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་སུ་ཟླ་བ་བདུན་ལས་རོགས་ཉེན་རྟོག་པ་བྱས། 2025ལོར་ལས་དགོངས་ཞུས་ནས་སྐྱིད་གྲོང་གྲོང་རྡལ་དུ་ལོག་རྗེས་ཟོག་འཁོར་ཉོས་ནས་སྐྱིད་གྲོང་གྲོང་རྡལ་གྱི་ཟོག་འདྲེན་རླངས་འཁོར་རུ་ཁག་ནང་ཞུགས་པ་རེད།

    གནོད་འཚེ་ཐོན་རྗེས་འགྲོ་ལམ་མྱུར་བཟོའི་ལས་དོན་ཛ་དྲག་པོ་ཡོད་པས་ཉི་མ་དོན་གྲུབ་ཀྱིས་རང་འགུལ་ངང་རེ་ཞུ་བྱས་ཏེ་ཟ་ཁང་གི་ཚོང་རྒྱག་མཚམས་བཞག་ནས་རྡོ་རྒྱུ་དབོར་བར་ཕྱིན། རྡོ་རྒྱུ་སྐྱེལ་འདྲེན་ས་ཚིགས་ནས་མྱུར་བཟོ་ས་ཚིགས་བར་ལམ་ཐག་རྐྱང་པར་སྤྱི་ལེ་40དང་ཕར་འགྲོ་ཚུར་འོང་བྱས་ཚེ་སྤྱི་ལེ་80ཟིན་གྱི་ཡོད། དུས་ཡུན་ཐུང་ངུའི་ནང་ཁོང་གིས་བསྟུད་མར་ཐེངས་15ཙམ་རྒྱུག་པ་རེད།

    སྐྱིད་གྲོང་གྲོང་རྡལ་ཆུང་ངུར་མི་རིགས་ཁག་གི་མང་ཚོགས་འདུས་ཤིང་། ཚང་མས་རྒྱུན་གཏན་ལྟར་འཚོ་བ་སྐྱེལ་བ་དང་ཁྱིམ་མཚེས་དབར་འཆམ་མཐུན་མཉམ་གནས་བྱས་ཡོད། ལས་རིགས་མི་འདྲ་བ་དང་མི་རིགས་མི་འདྲ་བ་ཚང་མའི་ངོས་ནས་བརྗོད་ན་སྐྱིད་གྲོང་ནི་རང་ཁྱིམ་ལྟ་བུ་རེད། ཚང་མས་གྲོང་རྡལ་ཆུང་ངུ་སྔ་ཙམ་སླར་གསོ་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ལ་མི་སེམས་གཅིག་ཏུ་བསྒྲིལ་ཚེ་སྐྱིད་གྲོང་དེ་བས་ཇེ་ཡག་ཏུ་འགྲོ་བའི་ཡིད་ཆེས་ཀྱང་བརྟན་པོ་བྱེད་ཀྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།