དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་ལྗོངས་ཀྱི་ཁེ་ལས་ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོཌ་འདུ་སྐབས་ཉེར་དྲུག་པར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-16

    ཉེ་ཆར། ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པ(གཤམ་དུ“མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུ”ཞེས་བསྡུ་རྒྱུ)ཧྥུའུ་ཅན་ཞ་མོན་དུ་འགོ་ཚུགས་པ་རེད། རང་ལྗོངས་ཀྱིས་ས་གནས་དེ་གའི་སྤུས་ལེགས་ཁེ་ལས་14ལེགས་འདེམས་བྱས་པ་དང་། ས་མཐོའི་ཁྱད་ལྡན་ཐོན་རྫས་སྣ་ཁ་50ལྷག་ཙམ་གཅིག་སྡུད་འགྲེམས་སྟོན་བྱས་ཤིང་། ཐུན་མོང་མ་ཡིན་པའི་གངས་ལྗོངས་ཀྱི་ཁྱད་ལྡན་འགྲེམས་སྟོན་ལས་ཚོང་འགྲུལ་པ་མང་པོ་ལྟ་སྐོར་དང་། བློ་འདྲི། ངོ་འཕྲད་གྲོས་མོལ་བཅས་བྱེད་པའི་ཡིད་དབང་བཀུག་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུར་རང་ལྗོངས་ཀྱིས་ཐོན་རྫས་འགྲེམས་སྟོན་དང་ས་ཡུལ་དངོས་ཀྱི་འོས་སྦྱོར་ངོ་སྤྲོད་ཟུང་འབྲེལ་གྱི་འགྲེམས་ཞུགས་བྱེད་སྟངས་སྤྱད་དེ་ཆེད་དོན་འོས་སྦྱོར་ངོ་སྤྲོད་དང་། སྲིད་གཞུང་དང་ཁེ་ལས་འབྲེལ་མཐུད། རྣམ་གྲངས་ངོ་འཕྲད་གྲོས་མོལ་བཅས་གཅིག་ཏུ་འདུས་ཐོག ལེགས་ཆའི་ཐོན་ལས་གཙོ་གནད་འོས་སྦྱོར་ངོ་སྤྲོད་དང་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་གསལ་འགྲེལ་བྱས་ནས། བོད་ཀྱི་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཀྱི་ཉམས་འགྱུར་དང་། སྤུས་ལེགས་ཐོན་ཁུངས་ཀྱི་ལེགས་ཆ། ཐོན་ལས་ཀྱི་བཀོད་པ་གསལ་པོ། ཡངས་པའི་མཉམ་ལས་ཀྱི་གོ་སྐབས་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། འགྲེམས་སྟོན་ལ་ཞུགས་པའི་ཚོང་འགྲུལ་པར་བོད་ཀྱི་དབྱར་མཚོ་རྒྱས་པ་བཞིན་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་ཚོར་བར་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རིགས་ཁག་གི་སྒོ་དབྱེའི་ལས་སྟེགས་མུ་མཐུད་ལེགས་སུ་དང་སྟོབས་ཆེར་བཏང་ནས་དཔལ་འབྱོར་གསར་སྤེལ་ཁུལ་དང་། མཐའ་མཚམས་མཉམ་ལས་ཁུལ། རྒྱལ་སྒྲོལ་དྲ་ཚོང་ཕྱོགས་བསྡུས་ཚོད་ལྟའི་ཁུལ་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་རོགས་ཟླ་རྒྱལ་ཁབ་དང་ས་ཁུལ་140ལྷག་ཙམ་བར་རྒྱ་སྐྱེད་བཏང་ཡོད། གྲངས་གཞི་ལས་མངོན་པར། 2025ལོར་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་2021ལོ་ལས་ལྡབ་འཕར་བྱུང་བ་དང་། 2026ལོའི་ལོ་སྟོད་དུ་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་39.2ཟིན་ནས་གངས་ལྗོངས་ས་མཐོའི་ཕྱི་ཕྱོགས་སྒོ་དབྱེའི་གོམ་སྟབས་དེ་བས་བརྟན་ལ་ནུས་ལྡན་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།