ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་། ཀྲུང་དབྱང་དམག་ཨུད་གཞུང་དོན་ཐིང་བཅས་ཀྱིས།
《དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་དང་འགན་སྲུང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་། ཀྲུང་དབྱང་དམག་ཨུད་གཞུང་དོན་ཐིང་བཅས་ཀྱིས《དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་དང་འགན་སྲུང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཡག་པོ་སྒྲུབ་པར་བཀོད་སྒྲིག་བྱས་པ་རེད།
《འཆར་འགོད》ནང་ནན་བཤད་བྱས་དོན། དམག་ཞབས་ཐིམ་པའི་དམག་མི་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དེ་སྒྱུར་འཕེལ་བརྟན་གསུམ་དང་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་བྱ་གཞག་དང་འབྲེལ་བ་ཡོད་པས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བའི་མཛད་ཕྱོགས་མཐའ་འཁྱོངས་ཀྱིས། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ་དང་། དམག་ཞབས་ཐིམ་པའི་དམག་མིའི་དོ་དམ་འགན་སྲུང་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཐོག་རྩ་འཛུགས་ཀྱི་དོ་དམ་མ་ལག་དང་། ལས་ཀའི་འཁོར་སྐྱོད་མ་ལག སྲིད་ཇུས་ཀྱི་ལམ་ལུགས་མ་ལག་བཅས་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས། དམག་ཞབས་ཐིམ་པའི་དམག་མི་རྩིས་ལེན་བཀོད་སྒྲིག་ཡག་པོ་དང་། ཞབས་ཞུ་འགན་ལེན་ཡག་པོ། སློབ་གསོ་དོ་དམ་ཡག་པོ། ནུས་པ་འདོན་སྤེལ་ཡག་པོ། ཁེ་དབང་སྲུང་སྐྱོང་ཡག་པོ་བཅས་ཏན་ཏིག་ཡོང་བ་བྱས་ནས་དམག་མི་རྣམས་སྤྱི་ཚོགས་ཡོངས་ཀྱིས་གོང་དུ་བཀུར་བའི་ལས་རིགས་སུ་འགྱུར་བར་བྱེད་པ་དང་། དམག་ཞབས་ཐིམ་པའི་དམག་མི་སྤྱི་ཚོགས་ཡོངས་ཀྱིས་བརྩི་འཇོག་བྱ་ཡུལ་ཞིག་ཏུ་འགྱུར་བར་བྱེད་དགོས།
《འཆར་འགོད》ནང་བཏོན་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐད་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་དམག་ཞབས་ཐིམ་པའི་དམག་མིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དམག་ཞབས་ཐིམ་པའི་དམག་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཡག་པོ་དང་སྲུང་སྐྱོང་ཡག་པོ་བྱེད་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ནས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། དམག་དཔུང་དང་ས་གནས་མཐུན་སྦྱོར་མཐའ་འཁྱོངས་བྱས་ནས་སྲིད་ཇུས་དང་ལམ་ལུགས་འབྲེལ་མཐུད་དང་ལས་དོན་སྒྲུབ་ཐབས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་རྒྱག་དགོས། རིགས་དབྱེ་ཇུས་བསྟར་མཐའ་འཁྱོངས་བྱས་ནས་ཞབས་ཞུ་འགན་སྲུང་གི་གནད་སྨིན་རང་བཞིན་དང་། སྟབས་བདེའི་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་ཆེ་རུ་གཏོང་དགོས།
《འཆར་འགོད》ནང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་བསྟོད་བསྔགས་སྐུལ་ལྕག་ཟབ་ཏུ་གཏོང་བ། དམག་ཞབས་ཐིམ་པའི་དམག་མི་སྤུས་ཚད་མཐོ་བའི་བཀོད་སྒྲིག་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བ། དམག་བཀུར་ཁྱིམ་སྐྱོང་གི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་སྲུང་གི་ནུས་ཕྱོད་ཆེ་རུ་གཏོང་བ་སོགས་ལ་དམིགས་ནས་གཙོ་གནད་ལས་འགན་ཁག་གཅིག་བཀོད་སྒྲིག་བྱས་ཡོད། དེ་དང་ཆབས་ཅིག དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་ལྟེ་གནས(ས་ཚིགས)སྤུས་འབྲས་ལེགས་གཉེར་ཡོང་བར་བྱེད་པ་དང་། སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་སྤུས་སྤོར་སྒྱུར་བཀོད་བྱེད་པ། གོད་གསོས་གཟིགས་སྐྱོང་དང་སྨན་བཅོས་ལུས་གསོའི་མ་ལག་གི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་འདུ་འགོད་རྣམ་གྲངས་བཏོན་ཡོད།
《འཆར་འགོད》ནང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།