གྲོང་ཚོ་ཞིག་གི་རྟ་རྒྱུག་འགྲན་བསྡུར་གྱིས་བོད་ཡོངས་ཀྱི་རྟ་བདག་གི་ཡིད་དབང་འཕྲོག་དོན་ཅི་ཡིན་ནམ།
ཟླ་8ཚེས་24ཉིན་གྱི་ཞོགས་པའི་ཆུ་ཚོད་6པར་ནམ་རྦད་དེ་ལངས་མེད་པ་དང་། ཡར་འབྲོག་གཡུ་མཚོ་གཡུ་ལྟར་སྔོ་ཐིང་ངེར་ཆགས། ལྕེ་ཆུང་གྲོང་ཚོའི་རྩྭ་ཐང་དུ་གུར་ཧ་ཅང་མང་པོ་ཕུབ་ཡོད་པ་དང་། ལམ་ཟུར་དུ་རླངས་འཁོར་གྲལ་རིང་པོ་བསྒྲིགས་ནས་བཞག་ཡོད། རྟའི་འཚེར་སྒྲ་དང་། འབོད་སྒྲ ཇ་བསྲུབས་མ་དང་ལྕི་བའི་དྲི་མ་བཅས་གཅིག་ཏུ་བསྡེབས་པའི་གྲོང་ཚོ་དེར་རྟ་རྒྱུག་བྱེད་སྒོ་སྤེལ་གྲབས་ཡོད་པའི་སྣང་བ་ཡོང་མི་སྲིད།
དེ་ནི“གྲོང་ཚོ་རིམ་པའི”རྟ་རྒྱུག་འགྲན་བསྡུར་ཙམ་ཡིན་མོད། འོན་ཀྱང་བདམས་ཐོན་པ་ནི་ལྷོ་ཁ་དང་། ལྷ་ས། ཉིང་ཁྲི། ནག་ཆུ། མངའ་རིས་སོགས་གྲོང་ཁྱེར་དང་ས་ཁུལ་མང་པོ་ནས་ཡོང་བ་རེད། དེ་སྔ་རྟ་ཕོ“འཇའ་ཚོན་ལྷ་བྱ་དངོས་གྲུབ”ཟེར་བ་སྐད་གྲགས་ལྡན་པ་ཞིག་གིས་འདི་གར་སྨི་ཁྲི་གཅིག་གི་ཨང་དང་པོ་བླངས་པ་དང་། དེ་སྔ་སི་ཁྲོན་དཀར་མཛེས་ཀྱི་རྟ་བདག་ཚང་མ་ཡར་འབྲོག་གཡུ་མཚོའི་འདབ་ཀྱི་གྲོང་ཚོ་ཆུང་ཆུང་དེར་ཡོང་བ་ཤེས་རྟོགས་བྱུང་སྐབས། ལྕེ་ཆུང་གྲོང་ཚོའི་རྟ་རྒྱུག་དེ་སྔ་ས་ནས་སྤྱིར་བཏང་གི“གྲོང་ཚོའི་རྟ་རྒྱུག་འགྲན་བསྡུར”ཞིག་གཏན་ནས་མ་ཡིན།
འདི་དག་གི་འབྱུང་རྩ་ནི་ལོ་ངོ་1500ལྷག་ཙམ་གྱི་སྔོན་ལ་འདེད་དགོས་ཤིང་། འོང་སྐོར་ནི་ལོ་ལེགས་གོང་གི་མཛད་སྒོ་ཞིག་ཡིན་པ་དང་། ཕྱིས་སུ་རིམ་བཞིན་དུས་ཆེན་དང་། རྩལ་འགྲན། ཚོང་དོན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྟེན་འབྲེལ་མཛད་སྒོར་གྱུར་ནས། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་ཡོད། ལྕེ་ཆུང་གྲོང་ཚོའི་ཏང་ཀྲི་པུས་རྟ་རྒྱུག་དེ་སྲོལ་རྒྱུན་གྱི་འོང་སྐོར་དུས་ཆེན་ནས་ལེ་ཚན་གཙོ་བོ་ཞིག་ཏུ་བཏོད་པ་རེད། ལོ་མང་གཉེར་སྐྱོང་བྱས་པ་བརྒྱུད་དེ་སྔ་ཡུལ་མིས་རང་དགའ་རང་སྐྱིད་བྱེད་པའི་རྣམ་གྲངས་དེ་ལྗོངས་ཡོངས་དང་ཐ་ན་ལྗོངས་ཕྱིར་སྐད་གྲགས་ངེས་ཅན་ལྡན་པའི་གར་སྟེགས་ཤིག་ཏུ་གྱུར་ཡོད།
2023ལོའི་སྟོན་ཁར་ལྕེ་ཆུང་གྲོང་ཚོའི་རྟ་རྒྱུག་ལ་ལྟད་མོ་བ་ཁྲི་ཙམ་གྱི་ཡིད་དབང་བཀུག་པ་དང་། 2024ལོར་གོང་དཀར་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ཆེད་མངགས་བྱེད་སྒོ་དེར་ཡུལ་སྐོར་ཐོན་ལས་ཀྱི་རོགས་སྐྱོབ་བྱ་དགའི་མ་དངུལ་སྒོར་ཁྲི་14.4རེ་ཞུ་བྱས་པ་རེད། ད་ཆ། ལོ་ལྟར་གྱི་ཟླ་8པར་དུས་ཡུན་ཉིན་4ཡི་ཡར་འབྲོག་གཡུ་མཚོའི་ཡུལ་སྐོར་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྟ་རྒྱུག་འགྲན་བསྡུར་གཟབ་རྒྱས་གཉེར་བར། ལོར་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་ཁྲི་ལས་བརྒལ་ཡོད་པ་རེད། ལྕེ་ཆུང་གྲོང་ཚོའི་རྟ་རྒྱུག་འགྲན་བསྡུར་དེ་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་དང་བསྡུར་ཐབས་མེད། དེ་ནི་ལྕེ་ཆུང་གྲོང་ཚོ་ཁོ་ནར་སྐད་གྲགས་ཆོད་པ་ཞིག་མིན་པར་རྟ་བདག་ཚང་མ་དེ་གར་ཡོང་འདོད་ཡོད་པ་ཞིག་རེད། ལྷ་ས་དང་ཐག་ཉེ་ཤོས་ཀྱི་རྩྭ་ཐང་གི་རྟ་རྒྱུག་འགྲན་བསྡུར་དེ་ད་ཆ་བོད་ཀྱི་རྟ་རྒྱུག་འགྲན་བསྡུར་ཁྲོད་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཏུ་གྱུར་ཡོད།
འགྲན་བསྡུར་འགོ་ཚུགས་ཉེའི་མཚམས་སུ་འགྲན་ལམ་གྱི་ཉེ་འགྲམ་དང་རི་འདེབས་སུ་གཟབ་མཆོར་ལེགས་པར་སྤྲས་པའི་བུ་མོ་དང་། ལག་ཐོགས་ཁ་པར་ནས་ཐད་གཏོང་བྱེད་མཁན་གྱི་ཕོ་གཞོན། ཕྲུ་གུ་ཁྲིད་ནས་ཡོང་བའི་བཟའ་ཚོ་སོགས་ལྟད་མོ་བ་ཧ་ཅང་མང་པོ་ཡོད།
མེ་མདའི་སྒྲ་གྲགས་མ་ཐག་རྟའི་རྨིག་སྒྲ་འབྲུག་ལྟར་གྲགས་ཤིང་། དེ་མུར་ཆུ་ཤུར་རྫོང་ནས་ཡིན་པའི་སྟོད་གོས་སྔོན་པོ་གྱོན་པའི་ན་གཞོན་ཞིག་གིས་རྟ་ཝ་ལ་བཞོན་ནས་སྔོན་དུ་རྒྱུག
ཉི་མ་ནུབ་ཏུ་ཕྱོགས་པའི་དུས་རི་འདེབས་ནས་དགའ་འབོད་ཀྱི་སྒྲ་ཡང་ཡང་གྲགས། སྦྲ་གུར་ནང་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བ་དང་འགྲན་བསྡུར་ཚར་བའི་རྟ་རྩྭ་ཐང་དུ་ཅི་དགར་རོལ།
ས་བབ་སྨི་4400ལྷག་ཙམ་ཡོད་པའི་ཡར་འབྲོག་གཡུ་མཚོའི་ཉེ་འདབས་ཀྱི་གྲོང་ཚོ་ཆུང་ཆུང་དེར་ལོ་ངོ་སྟོང་ཕྲག་རིང་རྟ་རྒྱུག་འགྲན་བསྡུར་བྱས་ཡོད་ལ། ད་དུང་མུ་མཐུད་བྱེད་ངེས་ཡིན་པའི་ཡིད་ཆེས་ཀྱང་ཡོད།
འབྲེལ་ཡོད་གསར་འགྱུར།