དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་། ང་ཚོ་མཉམ་དུ་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-15

    ཟླ་8ཚེས་26ཉིན་གྱི་སྔ་དྲོར། འཁྱགས་རོམ་ཉིལ་ནས་ཆུ་རུད་རྒྱུག་སྟེ་གེགས་བར་ཆེན་པོ་ཞིག་གིས་སྐྱིད་གྲོང་གི་ལྷིང་འཇགས་སྐད་ཅིག་ཉིད་ལ་མེད་པར་བཟོས།

    གནོད་འཚེ་གློ་བུར་བའི་མདུན་དུ། རྒྱལ་ཡོངས་མི་དམངས་རྡོག་རྩ་གཅིག་ལ་སྒྲིལ། རྒྱལ་མཚམས་སྒྲོལ་བའི་གོད་ཆག་གི་མདུན་དུ། སྐྱིད་སྡུག་མཉམ་མྱོང་ལས་དབང་གཅིག་ཏུ་སྦྲེལ། ལོ་རྒྱུས་ཐོག་མཐོང་དཀོན་པའི་རང་བྱུང་གནོད་འཚེ་འཕྲད་སྐབས། མིའི་རིགས་ཀྱི་བློ་སྟོབས་དང་། ཆོད་སེམས། བརྩེ་སེམས་ཆེན་པོ་བཅས་ཀྱིས། སྨག་རུམ་མུན་པ་མཐར་བསྐྲད་དེ་རེ་བའི་འོད་སྣང་ཚད་མེད་སྦྱིན།

    (གཅིག)

    གནོད་འཚེ་ནི་བཀའ་རྒྱ་དང་དུས་ཚོད་ནི་ཚེ་སྲོག་རེད། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཉེན་སེལ་རྒུད་སྐྱོབ་སྐོར་ལ་བླང་བྱ་ཁ་གསལ་བཏོན་གནང་ཡོད།

    བཀའ་རྒྱ་བཏང་མ་ཐག་འཕྲལ་མར་ལག་བསྟར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁྲལ་ཆེན་པོ་གནང་བ་དང་ཙུང་ལི་ལི་ཆང་ས་ཡུལ་དངོས་ལ་ཕེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་མདུན་ཕྱོགས་སུ་བཀོད་འདོམས་དང་ས་ཡུལ་དངོས་སུ་ཞུགས་ནས་བཀོད་གཏོང་གནང་བ་རེད།

    རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གེགས་སེལ་འཕྲལ་སྡོམ་བརྡ་ལན་ལག་ལེན་བསྟར་བ་དང་། བོད་རང་སྐྱོང་ལྗོངས་དང་གཞིས་རྩེ་གྲོང་ཁྱེར་གྱིས་སྔ་རྗེས་སུ་རིམ་པ་དང་པོའི་གེགས་སེལ་འཕྲལ་སྡོམ་བརྡ་ལན་ལག་ལེན་བསྟར་ཡོད། སྟོབས་ཤུགས་སྐྱིད་གྲོང་དུ་གཅིག་སྡུད་དང་དངོས་ཟོག་གེགས་ཁུལ་དུ་བསྡུ་རུབ་བྱས་ཤིང་། ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་མཚན་མོ་དེ་རང་ལ་འབྱོར་བ་དང་། ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་མང་པོས་མྱུར་དུ་རོགས་སྐྱོབ་བྱས་པ། ལས་གྲྭ་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ལེ་དབར་སྟོང་གི་ས་ནས་འདི་གར་འབྱོར་བ་སོགས་བགྲང་གིས་མི་ལང་།

    རྒྱལ་ཡོངས་བསམ་ཇུས་གཅིག་ཡིན་ཞིང་། ནུས་ཤུགས་ལྡན་པ་དང་། གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཡོད།

    ཕྱོགས་ཡོངས་ལ་ཁྱབ་པའི་རོགས་སྐྱོབ་ཅིག་མགྱོགས་མྱུར་སྤེལ་ཞིང་། སྔོག་འཁོར་གྱིས་ཉིན་མཚན་ལྟོས་མེད་ངང་ཧི་མ་ལ་ཡའི་གཏིང་ཟབ་པའི་གྲོག་རོང་དུ་ལས་ཀ་བྱས་པ་དང་ཆེད་ལས་བཟོ་སྐྲུན་སྟོབས་ཤུགས་རེ་རེས་གཞོགས་འདེགས་དམ་ཟབ་བྱས་ཏེ་འགག་སྒྲོལ་དཀའ་སེལ་གྱིས་ས་རྡོ་གཅིག་ཀྱང་མ་ལུས་པར་བསྔོགས། རི་མཐོའི་གྲོག་རོང་གི་གྲང་རླུང་ངར་མོ་དང་ཆར་སྨུག་མང་བའི་གནམ་གཤིས་ཁྱད་བསད་བྱས་པ་དང་། ཐད་འཕུར་གནམ་གྲུ་དང་མི་མེད་གནམ་གྲུས་བར་མཚམས་མི་ཆད་པར་རོགས་སྐྱོབ་རུ་མི་དང་མཁོ་ཆེའི་དངོས་ཟོག་དབོར་འདྲེན་བྱས་ཏེ་ས་ངོས་ཀྱི་རོགས་སྐྱོབ་ལ་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས། རོགས་སྐྱོབ་མི་སྣས་རི་ཆུ་བརྒལ་ཏེ་ཚེ་སྲོག་གི་བགྲོད་ལམ་བཏོད་པ་དང་ཆུ་འགྲམ་དུ་རིམ་པ་སྟར་ཆགས་སུ་གྲལ་བསྒྲིགས་ཏེ་འདམ་རྫབ་གཅིག་ཀྱང་མ་ལུས་པར་འཚོལ་ཞིབ་བྱས། “མི་ཡོད་དམ”ཞེས་པའི་འབོད་སྒྲ་དེ་ནི་ཛ་དྲག་ལ་དྲོ་སྐྱིད་ལྡན།

    ཉེན་ཁའི་ཕྱོགས་སུ་བསྐྱོད་སྐབས་ཁོང་ཚོར་ཐུན་མོང་གི་མིང་ཞིག་ཡོད་པ་དེ་ལ་ལྡོག་སྐྱོད་པ་ཟེར། ཁོང་ཚོས་དཔུང་པ་མཉམ་གཤིབ་ཀྱིས་གཞོམ་ཞིག་བྲལ་བའི་ཚེ་སྲོག་གི་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཡོད།

    ཏང་གི་འགོ་ཁྲིད་ཀྱིས་གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱས་པ་དང་། ནུས་ཆེའི་སྐུལ་སློང་བྱས་ཏེ་སྟོབས་ཤུགས་གཅིག་སྡུད་དང་བྱ་སྤྱོད་མགྱོགས་མྱུར་སྤེལ་ཐུབ་པ་བྱས་ཡོད། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ཐུབ་ཚེ་རྣམ་པར་རྒྱལ་མི་ཐུབ་པའི་དཀའ་ངལ་གང་ཡང་མེད།

    ང་ཚོས་མཉམ་དུ་སེམས་ཤུགས་གཅིག་སྒྲིལ་བྱས་ནས་ང་ཚོའི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

    (གཉིས)

    གནོད་འཚེས་རྒྱལ་ཁབ་ཅིག་གི་བཅོས་སྐྱོང་ནུས་པར་ཚོད་བགམ་བྱེད་པ་མ་ཟད། མི་རིགས་ཤིག་གི་བློ་རྒྱ་དང་འགན་འཁྲི་ལའང་དེ་བས་ཞིབ་བཤེར་བྱེད་ཀྱི་ཡོད།

    རྒྱལ་མཚམས་སྒྲོལ་བའི་གནོད་འཚེ་ཞིག་གིས་ཀྲུང་གོའི་བཞེད་ཚུལ་གྱི་གནས་བབ་བསྐྱར་དུ་ར་སྤྲོད་བྱས་ཡོད། ཚེ་སྲོག་གོང་དུ་བཀུར་རྒྱུ་དེ་ཐུན་མོང་གི་ངོས་འཛིན་ཆེ་ཤོས་སུ་བཟུང་ནས་གེགས་སེལ་རྒུད་སྐྱོབ་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

    གནོད་འཚེ་ཐོན་རྗེས་ཀྲུང་གོ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རང་སྐྱོབ་བྱས་པ་དང་དུས་མཚུངས་འཕྲལ་དུ་ནེ་པ་ལར་ཛ་དྲག་གི་སྐབས་ཐོག་དངུལ་འགྲུལ་རོགས་སྐྱོར་དང་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་རོགས་སྐྱོར་བྱས་ཤིང་། ཟླ་8ཚེས་30ཉིན་ཁག་དང་པོའི་རྒུད་སྐྱོབ་དངོས་ཟོག་ཏུན་50ཀ་ཏ་མན་རྡུར་དབོར་ཡོད། ཕུག་ལམ་གྱི་རོགས་སྐྱོབ་རིགས་གཅིག་མཁས་ཅན་དང་DNAགསལ་འབྱེད་རིགས་གཅིག་མཁས་ཅན་ཁག་ཐེངས་བགོས་ནས་ནེ་པ་ལའི་གེགས་ཁུལ་དུ་རོགས་སྐྱོར་བྱེད་པར་བཏང་ཡོད། སྲུང་སྐར་རྒྱང་ཚོར་བརྙན་པར་དང་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་སོགས་འགག་རྩའི་ཆ་འཕྲིན་རྒྱུན་མཐུད་ནེ་པ་ལ་ཕྱོགས་ལ་མཉམ་སྤྱོད་བྱས་ཏེ། འཁྱིལ་མཚོའི་ཉེན་ཁའི་གནས་ཚུལ་ཞིབ་འཇུག་བརྡར་གཅོད་དང་ཞོར་ཐོན་གནོད་འཚེ་འགོག་ཟོན་ལ་འདེགས་སྐྱོར་གལ་ཆེན་བྱས་ཡོད།

    ཟླ་8ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུར“མཐའ་མཚམས་ཀྱི་གནོད་འཚེ་དོ་དམ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཕྲལ་སྡོམ་དོ་དམ་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས”ཞེས་པ་དེ་རྒྱལ་ཁབ་རིམ་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ལ་རིམ་སྤོར་བྱས་ཡོད།

    སྐབས་འཕྲལ་གྱི་འཕྲལ་སྡོམ་ནས་རྒྱུན་རྣམ་ལམ་སྲོལ་བར་དང་། ཕྱོགས་གཉིས་མཉམ་ལས་ནས་ཕྱོགས་མང་མཉམ་འགུལ་གྱི་བར་མིའི་རིགས་ཀྱིས་ཐུན་མོང་ཐོག་རང་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བའི་བརྒྱུད་རིམ་འདི་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བའི་འཕེལ་རིམ་ཞིག་རེད།

    ང་ཚོས་མཉམ་དུ་མཐུན་པ་སོར་འཇོག་དང་མི་མཐུན་པ་སེལ་ཐབས་དང་། མཉམ་ལས་གཉིས་ཕན་བྱས་ཏེ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་དགོས།

    (གསུམ)

    གནོད་འཚེ་ནི་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་ཞིག་ཡོད་ལ། མི་དང་རང་བྱུང་ཁམས་དབར་གྱི་འབྲེལ་བའི་གནའ་བོའི་བརྗོད་གཞི་དེ་སླར་ཡང་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བཤམས་ཡོད།

    རང་བྱུང་ཁམས་ཀྱི་དྲན་སྐུལ་ནི་རྒྱང་རིང་གི་གསར་འགྱུར་མིན་པར་མིག་མདུན་གྱི་དོན་དངོས་རེད། སྐྱིད་གྲོང་གི་སྡུག་བསྔལ་ལས་ང་ཚོར་མི་དང་རང་བྱུང་ཁམས་ནི་ཐོག་མ་ཉིད་ནས་ཕན་ཚུན་ཁ་གཏད་དུ་ལངས་པའི་ཕྱོགས་གཉིས་མ་ཡིན་པར་སྐྱིད་སྡུག་མཉམ་མྱོང་དང་། དར་ན་མཉམ་དར་དང་རྒུད་ན་མཉམ་རྒུད་ཀྱི་ཚེ་སྲོག་གི་གཅིག་མཐུན་ཚོགས་པ་ཡིན་པ་དྲན་སྐུལ་བྱས་ཡོད།

    ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་བཏང་ནས་ཀྲུང་གོའི་གཟུགས་བརྙན་གཏོད་བཞིན་ཡོད་པ་དང་དེས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། གཞི་ཆེའི་བཀོད་པ་དེའི་ཁྲོད་དུ་བོད་ནི་འགག་རྩ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ“དོན་ཆེན་བཞི”གསལ་སྟོན་གནང་བའི་ཁྲོད“སྐྱེ་ཁམས”ཀྱང་ཚུད་ཡོད་པ་མ་ཟད། “མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་གཏོད་དགོས་པའི”བླང་བྱའང་བཏོན་གནང་ཡོད། བོད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན”གྱི་འཐབ་ཇུས་གནས་ཚད་གཏན་འཁེལ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བཏོད་བཞིན་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་ནས་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བར་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་ནས་འཁྱགས་རོམ་སྲུང་སྐྱོང་གི་ས་གནས་ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་བར། ད་ཆའི་བོད་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྨང་གཞི་འདིང་བཞིན་ཡོད་ལ། མིའི་རིགས་ཐུན་མོང་གི་འབྱུང་འགྱུར་ཆེད་ལྟ་སྲུང་ཡང་བྱེད་བཞིན་ཡོད།

    ང་ཚོ་རི་ཆུ་ཀླུང་གསུམ་དང་། རྩྭ་རྩི་ཤིང་། སྲོག་ཆགས་ཀུན་དང་མཉམ་དུ་གནས་ཡོད་པས། མཛེས་སྡུག་དང་ཞི་མཐུན་ལྡན་པའི་སའི་གོ་ལའི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས།

    འཛམ་གླིང་གི་ཡང་རྩེ་དང་རི་བོ་ཧི་མ་ལ་ཡའི་འདབས་རོལ་ནས་ང་ཚོས་སྐྱིད་གྲོང་དང་ད་རེས་ཀྱི་གནོད་འཚེ་འདི་བརྗེད་མི་རུང་ལ། མཉམ་དུ་ཡོད་ན་ད་གཟོད་ང་ཚོར་སྟོབས་ཤུགས་ལྡན་པ་དང་མཉམ་དུ་ཡོད་ན་ད་གཟོད་ང་ཚོར་མ་འོངས་ལྡན་པ་དེ་བས་ཀྱང་སེམས་ལ་བརྟན་པོར་ངེས་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།