དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉལ་ཁང་ལ་ཞིབ་བཤེར་དང་། སློབ་ཚན་ཁྲིད་པ། སློབ་མ་གཉིད་སྙོལ་བ།

    ས་མཐོའི་གཞི་རིམ་དགེ་རྒན་གྱི་ཉིན་གཅིག་གི་འཚོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-15

    ཟླ་9ཚེས་10ཉིན་གྱི་དགེ་རྒན་དུས་ཆེན་ཉིན་མོར། མཐའ་བཞི་རི་བོས་བསྐོར་བའི་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ཆ་ཚང་སློབ་ཆུང་དེ་ཉིད་སྔར་བཞིན་ལྷིང་འཇགས་ཀྱི་ཁོར་ཡུག་ནང་ལས་བྲེལ་གྱིས་ཁེངས་ཡོད། དེ་གའི་དགེ་རྒན་ལ་མཚོན་ན་དཔེ་ཁྲིད་མི་སྐྱོང་ནི་རྒྱུན་གཏན་་གྱི་ལས་ཀ་ཡིན་པ་མ་ཟད། དགེ་རྒན་ཚོའི་ཞོགས་པ་ནས་མཚན་གུང་བར་གྱི་དུས་ཚོད་མང་ཆེ་བ་སློབ་གྲྭའི་ནང་གི་ཕྲུ་གུ་ཚོའི་ཆེད་དུ་རྫོགས་ཀྱི་ཡོད། གསར་འགོད་པ་སློབ་གྲྭར་དངོས་སུ་བསྡད་དེ་ས་མཐོའི་གཞི་རིམ་དགེ་རྒན་གྱི་སྤྱིར་བཏང་གི་ཉིན་གཅིག་གི་བརྟན་སྲུང་ལས་དོན་ཟིན་ཐོར་བཀོད།

    “ང་ཚོ་ནི་ཁོང་ཚོའི་གཉེན་ཉེ་ཡིན”

    ཞོགས་པའི་ཆུ་ཚོད་བདུན་དང་སྐར་མ་བཞི་བཅུར་སྐྱིད་གྲོང་གྲོང་རྡལ་ཆ་ཚང་སློབ་ཆུང་གི་ཞག་སྡོད་སློབ་མ་ཚོ་གཅིག་རྗེས་གཉིས་མཐུད་ངང་གཉིད་ལས་སད། རྒན་རྡོ་རྗེ་ལགས་ཉལ་ཁང་དུ་བསྐྱོད་དེ་ཕྲུ་གུ་ཚོར་མལ་ལས་ལངས་ནས་ཁ་བཀྲུ་ལག་བཤལ་དང་གཙང་སྦྲ་སོགས་བྱེད་དགོས་པའི་མངགས་ཆ་བྱས།

    དེ་ནི་ཁོང་གིས་གྲོང་གསེབ་ཏུ་གཞི་ཚུགས་ཏེ་དགེ་རྒན་དུས་ཆེན་གཏོང་ཐེངས་28པ་དེ་རེད།

    སློབ་གྲྭར་སློབ་མ་500ལྷག་ཙམ་ཕལ་ཆེ་བ་ལོ་རིམ་དང་པོ་ནས་ཞག་སྡོད་བྱེད་ཀྱི་ཡོད“ཕྲུ་གུ་ཆུང་དུས་ནས་ཁྱིམ་དང་བྲལ་བ་དང་ཕ་མ་འཁྲིས་སུ་མེད་པས། ང་ཚོ་ནི་ཁོང་ཚོའི་གཉེན་ཉེ་ཡིན། སློབ་སྦྱོང་ལ་དོ་དམ་དང་། འཚོ་བར་ལྟ་རྟོག སེམས་ཁམས་གསོ་བ། གོམས་གཤིས་སློབ་པ་བཅས་བྱེད་དགོས་ཀྱི་ཡོད”ཅེས་རྒན་རྡོ་རྗེ་ལགས་ཀྱིས་བཤད།

    1998ལོར་རྡོ་རྗེ་དགེ་འོས་སློབ་གྲྭ་ནས་ཐོན་ཏེ་སྐྱིད་གྲོང་རྫོང་ས་ལེབ་ཤང་གི་དགེ་རྒན་བྱས།

    དོ་དོ་ནན་ནན་གྱི་སློབ་ཁྲིད་ཀྱི་རྣམ་འགྱུར་ལ་བརྟེན་ནས་རྡོ་རྗེར་2004ལོར་ལྗོངས་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ།

    ལོ་28རིང་། རྡོ་རྗེས་སྔ་རྗེས་སུ་སྐྱིད་གྲོང་རྫོང་ས་ལེབ་ཤང་དང་། ཀྲེ་པ་ཤང་། སྐྱིད་གྲོང་གྲོང་རྡལ་སོགས་གྲོང་གསེབ་ཀྱི་སློབ་གྲྭ་མང་པོར་ལས་གནས་བརྗེ་རེས་བྱས། སྐྱིད་གྲོང་རྫོང་ཆ་ཚང་སློབ་ཆུང་དུ་དགེ་རྒན་བྱེད་སྐབས་ཁོང་གིས་ལྗོངས་ཕྱིར་རྒྱུགས་འཕྲོད་པའི་སློབ་མ་མང་པོར་སློབ་ཁྲིད་བྱེད་མྱོང་ཡོད།

    ལོ་དེ་དག་ནང་ཁོང་གིས་སློབ་ཁྲིད་བྱེད་མྱོང་བའི་སློབ་མ་མི་ཉུང་བ་ཞིག་ས་མཐོ་ནས་སློབ་མཐར་ཕྱིན་ནས་ལས་ཞུགས་ཏན་ཏིག་བྱུང་བ་དང་འཚོ་བ་བརྟན་པོ་སྐྱེལ་བཞིན་ཡོད།

    ཅི་འཕྲོས་མོལ་འཕྲོས་བྱེད་རིང་། རྡོ་རྗེས་ས་ལེབ་ཤང་དུ་སློབ་ཁྲིད་བྱེད་མྱོང་བའི་སློབ་མ་ཞིག་སློབ་གྲྭ་ཐོན་རྗེས་སྐྱིད་གྲོང་འགག་སྒོར་ལས་ཀ་བྱེད་བཞིན་ཡོད་པ་དང་ད་ཐེངས་ཀྱི་ཆུ་རུད་གནོད་འཚེའི་སྐབས་སྟབས་མི་ལེགས་པར་འབྲེལ་བ་ཆད་སྟབས་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད།

    “དེ་ཡང་ངས་སློབ་ཁྲིད་བྱེད་མྱོང་བའི་སློབ་མ་ཞིག་ཡིན” རྡོ་རྗེས་སྐད་ཤུགས་ཆུང་ངུས“བློ་ཕམ་ཧ་ཅང་ཆེན་པོ་བྱུང”ཞེས་བཤད་རྗེས་ཅང་མི་སྨྲ་བར་དབུགས་རིང་ཞིག་འབྱིན།

    “དཀའ་ངལ་ཆེན་པོ་བྱུང་བ་དོན་དངོས་ཡིན་ལ་བློ་ཡིད་ཚིམ་པོ་བྱུང་བའང་དོན་དངོས་ཡིན”

    སྔ་དྲོའི་ཆུ་ཚོད་བཅུ་པར་སློབ་ཁང་དུ་གོ་རིམ་ལྡན་པའི་ངང་སློབ་ཁྲིད་བྱེད་བཞིན་ཡོད་ཅིང་། ས་མཐོའི་དགེ་རྒན་གྱི་སྟོབས་ཤུགས་དེ་ཙམ་ཆེན་པོ་མེད་རྐྱེན་དགེ་རྒན་ཚོས་རིག་ཚན་མང་པོ་གཅིག་ལྕོགས་སློབ་ཁྲིད་བྱེད་ཀྱི་ཡོད། རྡོ་རྗེ་གཅིག་པུས་སློབ་གྲྭ་ཡོངས་ཀྱི་ལོ་རིམ་དང་པོའི་བོད་ཡིག་དང་། མཛེས་རྩལ། ངལ་རྩོལ་རྩལ་ནུས་བཅས་ཀྱི་སློབ་ཚན་ཁྲིད་པ་དང་། སློབ་ཚན་མང་བས་ཡུན་རིང་ལངས་དགོས་སྟབས་ཁོང་ལ་མིད་པའི་གཉན་ཚད་དང་། གློ་ཡུའི་གཉན་ཚད། པུས་མོའི་ནད་བཅས་ཕོག་ཡོད།

    “མིད་པར་ནམ་རྒྱུན་ནས་ན་ཟུག་བཏང་སྟབས་ཉིན་ལྟར་མིད་པར་ཕན་པའི་ཇ་དང་སྨན་འཐུང་བ་དང་པུས་མོར་ན་ཟུག་གཏོང་སྐབས་སྡུག་རུས་བྱེད་ཀྱི་ཡོད”ཅེས་རྡོ་རྗེས་མདོར་བསྡུས་ཙམ་བཤད་པ་དང་། ཁོང་གིས་ད་བར་གཟུགས་པོ་བདེ་པོ་མེད་རུང་སློབ་ཚན་གཅིག་ཀྱང་འཐུས་ཤོར་གཏོང་མྱོང་མེད། “བགྲང་བྱ་28ཀྱི་སློབ་ཁྲིད་འཚོ་བ་ནི་དཀའ་ཚེགས་ཆེ་བ་ཞིག་ཡིན་མོད། འོན་ཀྱང་སློབ་མར་སྦྱངས་པ་གོ་ཆོད་བྱུང་བ་མཐོང་སྐབས་བློ་ཡིད་ཚིམ་པོ་འདུག”

    ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀར་སློབ་གསེང་གི་དུས་སུ་སློབ་གྲྭའི་ནང་ཅུང་ཟད་འཁྲུག་ཏུ་སོང་ཡོད།

    ཕྲུ་གུ་ཚོས་རང་ཉིད་ཀྱི་ཐབས་ལ་བརྟེན་ནས་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་། ཚང་མས་རི་མོ་འབྲི་ཤོག་ཁྱེར་ནས་གངས་རི་དང་། ཁང་པ། སྒོ་ངའི་བག་ལེབ། དགེ་རྒན་གྱི་གཟུགས་བརྙན་ལ་སོགས་ནན་ཏན་ངང་བྲིས། ལོ་རིམ་དང་པོའི་ཕྲུ་གུས་ཡི་གེ་འབྲི་མི་ཤེས་སྟབས་གསར་འགོད་པར་ཁོང་ཚོས་ཤོད་འདོད་པའི་སྐད་ཆ“རྒན་ལགས་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ”ཞེས་པ་དང“རྒན་ལགས་སྐུ་གཟུགས་བདེ་ཐང་དང་ཐུགས་སེམས་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ”ཞེས་པ་འབྲི་རོགས་ཞུས་པ་རེད། ཕྲུ་གུ་ཚོ་དགེ་རྒན་གྱི་འགྲམ་དུ་རུབ་ནས་རང་ཉིད་ཀྱིས་བྲིས་པའི་བརྩམས་ཆོས་རེ་རེ་བཞིན་རྒན་ལགས་ལ་ཕུལ།

    དབེན་འཇམ་གྱི་མཚན་མོ་འཆར་བ་དང་ཕྲུ་གུ་རེ་རེ་བཞིན་གཉིད་སྙོལ་བ།

    དགོང་མོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ལ་མུན་པ་རིམ་བཞིན་རུབ།

    སློབ་མའི་ཉལ་ཁང་གི་གློག་འོད་ཁྲ་ཐིང་ངེར་གསལ་བ་དང་དགེ་རྒན་ཚང་མ་ལས་གནས་སུ་ཡོད། གློག་མ་བསད་གོང་ལ་ཚང་མས་ཉལ་ཁང་རེ་རེ་བཞིན་ཞིབ་བཤེར་བྱེད་པར་སྐྱོད་བཞིན་གོམ་སྒྲ་ཧ་ཅང་ཆུང་ངུའི་ངང་ཉལ་ཁང་རེ་རེ་བཞིན་སྒོ་ཕྱེ་ནས་སྐད་ཤུགས་ཆུང་ངུས“ཁྲུས་བརྒྱབ་ཚར་སོང་ངམ། ཉལ་ཆས་ཡག་པོ་གྱོན། དྲོ་ཇུས་གྱིས”ཞེས་ཤོད་ཀྱི་ཡོད།

    སློབ་མ་ཚང་མ་གཉིད་ཁུག་རྗེས་ཉལ་ཁང་གི་བར་ཁྱམས་སུ་རིམ་བཞིན་ཁ་ཁུ་སིམ་པོར་གྱུར་བ་དང་སྦྲགས་ད་གཟོད་དགེ་རྒན་ཚོས་བློ་བདེ་པོའི་ངང་ཁྱིམ་དུ་ལོག་ནས་ཉིན་གཅིག་གི་ལས་ཀ་མཇུག་འགྲིལ་བ་རེད། ཉིན་གཉིས་པའི་ཞོགས་པར་ལས་དོན་མཐའ་དག་སྔར་བཞིན་འགྲུབ་འགོ་ཚུགས།

    བགྲང་བྱ་28བརྟན་སྲུང་བྱེད་རིང་། རྡོ་རྗེ་ནི་གཞི་རིམ་གྱི་དགེ་རྒན་ཁྲི་སྟོང་མང་པོའི་མཚོན་བྱེད་ཙམ་ཞིག་ཡིན་ཞིང་། ཉིན་རེ་ནས་ཉིན་རེ་དང་ལོ་རེ་ནས་ལོ་རེ་བཞིན་ཁོང་ཚོས་ཕྲུ་གུ་ཚོའི་སློབ་གཉེར་གྱི་ཕུགས་འདུན་མངོན་འགྱུར་བྱེད་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།