“བོད་ཀྱི་ཟླ་མཆོད་བག་ལེབ”ཀྱི་འཕེལ་རྒྱས་ལམ་བུ།
སྲོལ་རྒྱུན་གྱི་ཏན་ཞིམ་ནས་དམངས་ཕྱུག་ཐོན་ལས་སུ་གྱུར་པའི་ལམ་བུ།
བོད་རིགས་ཀྱི་སྲོལ་རྒྱུན་ཁྱད་ལྡན་བཟའ་བཅའ་སྟེ་ཕྱུར་བའི་བག་ལེབ་ནི་ཕྱུར་བ་དང་། སྲན་མ། མར། གྲོ་ཞིབ་བཅས་ལས་བཟོས་པ་དང་། ཕྱི་སོབ་ཅིང་ནང་མཉེན་ལ་འོ་དྲི་བྲོ་བ་དང་རོ་མངར་ཞིང་སྐྱུར་བ་ལྡན་པས། ས་མཐོའི་ཕོ་མོ་རྒན་གཞོན་ཀུན་གྱིས་ཧ་ཅང་དགའ་པོ་བྱེད་པའི་ཟས་ཞིག་ཡིན།
བོད་ལྗོངས་ཧྥུའུ་ཏི་བཟའ་བཅའ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སུའུ་ཆིང་ཧྭ་ཡི་ངོས་ནས་བརྗོད་ན། ཕྱུར་བའི་བག་ལེབ་ཆུང་ཆུང་དེའི་ནང་བགྲེས་སོང་ཞིག་གི་བསམ་འདུན་འདུས་ཡོད་ལ། ཁོང་ཉིད་ཀྱི་ལོ་སུམ་ཅུར་ཉེ་བའི་ལང་ཚོ་ཡང་འདུས་ཡོད།
1999ལོར་ཟླ་མཆོད་དུས་ཆེན་གྱི་གསོལ་སྟོན་ཞིག་རིང་། འཁྲིས་སུ་སྡོད་མཁན་གྱི་བོད་རིགས་བགྲེས་སོང་ཞིག་གིས་ཅོག་ཙེའི་སྟེང་བསྒྲིགས་པའི་ཟླ་མཆོད་བག་ལེབ་ཁམ་གང་བཟས་རྗེས། “གལ་སྲིད་ང་ཚོ་བོད་ལྗོངས་ཀྱི་ཟླ་མཆོད་བག་ལེབ་བཟའ་རྒྱུ་བྱུང་ན་ཅི་མ་རུང”ཞེས་བཤད། སྐད་ཆ་དེ་སུའུ་ཆིང་ཧྭ་ཡིས་སེམས་ནང་བཞག་ཅིང་། ཕྱིས་སུ་དེ་འདྲ་ཞིག་ཅིས་ཀྱང་བཟོ་དགོས་སྙམ།
དེ་ནས་སུའུ་ཆིང་ཧྭ་ཡིས་ས་མཐོའི་ཁྱད་ལྡན་ཏན་ཞིམ་ཞིབ་འཇུག་གསར་སྤེལ་བྱེད་པའི་ལམ་བུར་འགྲོ་འགོ་བརྩམས།
སྐབས་དེ་དུས་ཕྱུར་བའི་བག་ལེབ་ནི་ཁྱིམ་ཚང་ཚང་མས་བཟོ་བའི་རྒྱུན་ཟས་ཙམ་རེད། དེར་ཚད་ལྡན་ཅན་གྱི་བཟོ་རྩལ་མེད་ལ་གཞི་ཁྱོན་ཆེ་བའི་ཚོང་ལམ་དེ་བས་ཀྱང་མེད། “དེ་སྔའི་བྲོ་བ་འདོར་མི་རུང་ལ། བཟོ་ཁང་ཆུང་ངུའི་རྣམ་པར་འགྱུར་བ་གཏོང་ཐབས་བྱེད་དགོས་པས། ཇི་ལྟར་བྱས་ནས་བོད་རིགས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་དམངས་ཁྲོད་ཀྱི་རྒྱུན་ཟས་བཟོ་རྩལ་དེ། ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་ཐོན་རྫས་སུ་བསྒྱུར་རྒྱུ་ནི་ཞིབ་འཇུག་གསར་སྤེལ་ལམ་བུའི་ཐོག་གི་དཀའ་གནད་ཆེ་ཤོས་ཤིག་རེད་འདུག”ཅེས་སུའུ་ཆིང་ཧྭ་ཡིས་བཤད།
དེར་བརྟེན་སུའུ་ཆིང་ཧྭ་ཡིས་ཁྲོམ་ར་མང་པོར་བསྐྱོད་མཐར་ཡར་ཀླུང་གཙང་པོ་འབབ་རྒྱུད་ནས་ཐོན་པའི་སྤུས་ལེགས་ཕྱུར་ཞིབ་བདམས་ཤིང་། ལོ་5ཡི་རིང་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད། 2004ལོར་བོད་ལུགས་ཕྱུར་བའི་བག་ལེབ་ཞིབ་བཟོ་ལེགས་གྲུབ་བྱུང་།
2013ལོར་བོད་ལྗོངས་ཧྥུའུ་ཏི་བཟའ་བཅའ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་བཙུགས། བཟོ་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་ཆབས་ཅིག ཕྱུར་བའི་བག་ལེབ་ཀྱང་ཁྲོམ་ར་ཅན་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་དུས་མཚམས་སུ་སླེབས་ནས་ཉིན་རེར་ཐོན་ཚད་10000བར་མང་དུ་སོང་།
ཡུན་རིང་འཕེལ་རྒྱས་ཡོང་དགོས་ན་ཐོག་མར་མ་བཅོས་རྒྱུ་ཆའི་འབྱུང་ཁུངས་བརྟན་པོ་ཡོང་དགོས། ཁེ་ལས་ཀྱིས་རང་འགུལ་ངང་འབྲོག་ཁུལ་གྱི་མང་ཚོགས་དང་འབྲེལ་བ་བྱས་ཏེ་མ་བཅོས་རྒྱུ་ཆ་ཡུན་རིང་ཉོ་སྒྲུབ་ཀྱི་ཐབས་ལམ་བཏོད། “འབྲོག་པའི་ཕྱུར་བ་ནི་འོ་མའི་ཞོར་ཐོན་དངོས་རྫས་ཡིན་པས་ཚོང་ལམ་བརྟན་པོ་མེད། ང་ཚོས་དུས་ཡུན་རིང་པོར་རིན་གོང་གཏན་འཁེལ་ངང་ཉོ་སྒྲུབ་བྱེད་དགོས་དོན་ནི་འབྲོག་པར་ཚོང་ལམ་ལ་སེམས་ཁྲལ་མི་ཡོང་བའི་ཆེད་དུ་ཡིན”ཞེས་སུའུ་ཆིང་ཧྭ་ཡིས་ངོ་སྤྲོད་བྱས། བརྟན་ལྷིང་དང་རྒྱུན་མཐུད་ཀྱི་ཉོ་སྒྲུབ་ལམ་སྲོལ་དེ་ལས་ལྗོངས་ཡོངས་ཀྱི་ཞིང་འབྲོག་དུད་ཚང་ཉིས་སྟོང་ལྷག་ཙམ་ལ་ཕན་པ་ཐོབ་ལ། ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་འབབ་འཕར་ཐབས་ལམ་ཡང་རྒྱ་ཆེར་སོང་།
ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ཁུངས་ལ་བརྟེན་ནས་ཁེ་ལས་ཀྱིས་ཐོན་རྫས་ལ་ཐོག་མའི་ལས་སྣོན་སྔར་ལས་ཞིབ་ཚགས་བྱས་པ་དང་དུས་མཚུངས་སུ་དྲ་ཐོག་ཚོང་དོན་ལས་སྟེགས་དང་། དྲ་ཕྱིའི་ཚོང་ཁང་། རིག་གནས་ཡུལ་སྐོར་འགྲེམས་ཚོང་སོགས་ཐབས་ལམ་སྣ་ཚོགས་ནས་ཤུགས་སྣོན་བརྒྱབ་པས། ཕྱུར་བའི་བག་ལེབ་རིམ་བཞིན་གངས་ལྗོངས་ས་མཐོ་ནས་རྒྱལ་ཡོངས་ས་གནས་ཁག་ཏུ་བཙོངས་ནས་བྲིན་ཁ་རྒྱུག
མངགས་ཐོ་རྒྱུན་ཆད་མེད་པར་མང་དུ་སོང་བ་ལས་དེ་སྔའི་བཟོ་གྲྭ་ཁུལ་གྱི་ཐོན་ནུས་ཀྱི་ཞན་ཆ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན། ད་ལོའི་ཟླ་7པའི་ཟླ་མཇུག་ཏུ་ཧྥུའུ་ཏི་བཟའ་བཅའི་བཟོ་གྲྭ་ཁུལ་གསར་པ་དངོས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས། དེང་རབས་ཅན་གྱི་རྒྱུན་མཐུད་ལས་རིམ་སྤྱོད་འགོ་ཚུགས་པ་དང་། ཁེ་ལས་ཀྱི་ཚད་ལྡན་ཅན་གྱི་ཐོན་སྐྱེད་ནུས་པ་ཇེ་ཆེར་ཕྱིན་པས། སྔོན་དཔག་བྱས་ན་ལོ་རེའི་ཐོན་ཚད་ཏུན་3000ཟིན་རྒྱུ་རེད།
ཐོན་ལས་རིམ་སྤོར་གྱི་རླབས་རྒྱུན་ཁྲོད་དུ་ཧྥུའུ་ཏི་བཟའ་བཅའ་ཚད་ཡོད་ཀུང་སི་དེ་ཉིད་རང་ལྗོངས་ཀྱི་ཕྱུར་བའི་བག་ལེབ་བཟོ་ལས་ཅན་གྱི་སྒོ་ནས་ཐོན་སྐྱེད་བྱེད་མཁན་དང་འབྲེལ་ཡོད་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཡོད་པའི་ས་གནས་དེ་གའི་བཟའ་བཅའ་ཁེ་ལས་དང་པོར་གྱུར་ཞིང་། མིག་སྔའི་བར་ཕྱུར་བའི་བག་ལེབ་ཐོན་ཚད་རིམ་རྩིས་བརྒྱབ་ན་དུང་ཕྱུར་1ལས་བརྒལ་ཡོད།
བབ་ཆགས་ཀྱི་རེ་བ་ཆུང་ཆུང་ཞིག་ནས་བཟོ་འགོ་ཚུགས་པའི་ཏན་ཞིམ་ཆུང་ཆུང་དེ་ཁྱད་ལྡན་དམངས་ཕྱུག་ཐོན་ལས་ཤིག་ཏུ་གྱུར་ཏེ་མི་དེ་བས་མང་པོར་བོད་ཀྱི་བྲོ་བ་མྱོང་རྒྱུ་བྱུང་ཞིང་། བག་ལེབ་ཆུང་ཆུང་དེ་ཡང་ཞིམ་ཟས་ཀྱི་མིང་བྱང་ལྟ་བུར་གྱུར་ནས་རྒྱལ་ཡོངས་དང་འཛམ་གླིང་ལ་ས་མཐོའི་གཏམ་རྒྱུད་བརྗོད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།