ཁོང་ནི་མཐའ་མཚམས་མང་ཚོགས་ཀྱི་བདེ་ཐང་སྲུང་དམག་རེད།
གམ་པ་རྫོང་འགྲིག་ཤང་ཟུར་དཔེ་གྲོང་ཚོའི་ཤང་གྲོང་སྨན་པ་ཆོས་འཕེལ་གྱི་སྐོར་བཀོད་པ།

འདི་ནི་གསར་འགོད་པས་ཤང་གྲོང་སྨན་པ་ཆོས་འཕེལ(གཡས)ལ་བཅར་འདྲི་ཞུ་བཞིན་པ།

འདི་ནི་ཤང་གྲོང་སྨན་པ་ཆོས་འཕེལ་གྱིས་གཞི་རིམ་གྱི་མང་ཚོགས་ལ་གཟུགས་གཞིའི་བདེ་ཐང་སྐོར་སྐད་ཆ་འདྲི་བཞིན་པ།
གཙང་ཁུལ་ལྷོ་ཕྱོགས་ཀྱི་ས་བབ་སྨི་4500བརྒལ་བའི་གམ་པ་རྫོང་འགྲིག་ཤང་དུ་ས་སྐྱེས་རྡོ་སྐྱེས་ཀྱི་ཤང་གྲོང་སྨན་པ་ཞིག་ཡོད་ཅིང་། ལོ་ངོ་ཉི་ཤུ་རྩ་གྲངས་ཉིན་གཅིག་ལྟར་གངས་རིའི་གཤམ་གྱི་འབྲོག་ས་ཁག་ཏུ་བསྐྱོད་དེ། སྒམ་གཅིག་དང་རྩ་གཟིགས་རྣོ་བའི་ཕྱག་ཟུང་ལ་བརྟེན་ནས་ལེ་དབར་བཅུ་ཕྲག་ཁ་ཤས་སུ་འཚོ་གནས་བྱེད་བཞིན་པའི་འབྲོག་པའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། ཁོང་གི་མིང་ལ་ཆོས་འཕེལ་ཟེར་ཞིང་། ཤང་གྲོང་གི་བོད་ལུགས་གསོ་རིག་སྨན་པ་དཀྱུས་མ་ཞིག་ཡིན་མོད། ཡུལ་ཕྱོགས་དེ་གའི་མང་ཚོགས་ཀྱི་སེམས་ནང་གུས་བཀུར་ཆེན་པོ་ཐོབ་པའི་རྩྭ་ཐང་གི་ལྷ་རྗེ་ཞིག་ཡིན་ལ། རྟ་ཐོག་གི་སྨན་པ་བཟང་པོ་ཞེས་མཚན་སྙན་གང་སར་ཁྱབ།
ཕུགས་བསམ་ཡིད་ལ་བཅངས་ནས་གསོ་རིག་སློབ་སྦྱོང་བྱས།
1986ལོར། ཆོས་འཕེལ་གམ་པ་རྫོང་འགྲིག་ཤང་གི་ཕལ་པའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། སྐབས་དེའི་ས་ཁད་མཐོ་བའི་འབྲོག་ཁུལ་ནི་ས་རྒྱ་ཆེ་ཡང་མི་འབོར་ཉུང་བ་དང་འགྲིམ་འགྲུལ་ཆ་རྐྱེན་ཤིན་ཏུ་ཞན་པས་མང་ཚོགས་ལ་ནད་གཞི་ཕོག་ཚེ་བཟོད་སྒོམ་ཁོ་ན་བྱེད་ཀྱི་ཡོད་ལ། ནད་པ་རེ་འགའི་ལུས་ལ་མཐུ་ཆེ་བའི་གཉན་ཚད་བྱུང་ནའང་ཆུ་འཁལ་དང་གསོལ་འདེབས་ལ་བརྟེན་ནས་ཨུ་ཚུགས་ཀྱིས་སྡུག་སྒོམ་རྒྱག་བཞིན་ཡོད། མང་ཚོགས་རེ་འགར་ནོར་ལུག་གིས་རྭ་རྡུང་སྤྲད་དེ་རྨས་སྐྱོན་ཕོག་ཀྱང་སྟབས་བདེའི་མར་གྱི་བྱུག་པར་བསྟེན་རྒྱུ་ལས་ཐབས་གཞན་མ་རྙེད་པས། ནད་གཞི་ཆུང་ཙག་མང་པོ་ཚབས་ཆེན་པོར་གྱུར་པ་དང་། ཚབས་ཆེའི་ནད་གཞིས་ཁྱིམ་ཚང་འགའ་ཞིག་བྱ་དཀའ་བྱེད་གཏད་དུ་གཏོང་བ་མ་ཟད། ཐ་ན་ནད་པ་རེ་འགའ་དུས་ཐོག་ལ་སྨན་བཅོས་མ་ཐུབ་པའི་དབང་གིས་གསོན་འདོད་ཀྱི་རེ་བའི་ཁྲོད་ནམ་ཡང་མིག་གཉིས་ཟུམ་པར་གྱུར། བྱིས་དུས་ཀྱི་དྲན་ཤེས་ལ་འཇགས་པའི་ཡ་ང་བའི་རྣམ་པ་དེ་དག་ལས་ལོ་ན་ཆུང་བའི་ཆོས་འཕེལ་གྱི་སེམས་ལ་ཕུགས་འདུན་གྱི་ས་བོན་ཞིག་འཐོར་བ་སྟེ། གཞན་རྗེས་སུ་འཛིན་པ་གསོ་བ་རིག་པའི་སྨན་གཞུང་སྦྱངས་ནས་རང་ཡུལ་མང་ཚོགས་ཀྱི་ནད་གདོན་སེལ་རྒྱུ་དེ་རེད།
1999ལོར། ལོ་ན་13ལ་སླེབས་པའི་ཆོས་འཕེལ་གྱིས་ཕ་མ་གཉིས་པོའི་མོས་མཐུན་ཐོབ་པ་བརྒྱུད་གཞིས་རྩེ་གྲོང་ཁྱེར་པད་གཞུང་བོད་སྨན་སློབ་གྲྭར་སློབ་གཉེར་བྱེད་པར་བསྐྱོད་ཅིང་། དུས་ཡུན་ལོ་བཞིའི་རིང་ཁོང་གིས་གཙང་ཁུལ་བོད་ལུགས་གསོ་རིག་གི་གྲགས་ཅན་སྨན་པ་བྱམས་པ་འཕྲིན་ལས་ཀྱི་སྐུ་གམ་དུ་བློ་རྩེ་གཅིག་སྒྲིམ་གྱིས་གསོ་རིག་གཞུང་ལུགས་སྦྱངས་བརྩོན་བྱས་པ་དང་། ཉིན་མོ་གསེར་ཁབ་སོགས་དཔྱད་བཅོས་ཀྱི་ལག་ལེན་དང་སྨན་སྦྱོར་ལག་ལེན་ཐད་སྦྱངས་བརྩོན་བྱས་ཤིང་། མཚན་མོ་གློག་སྒྲོན་གྱི་འོག་ཏུ་གསོ་རིག་རྒྱུད་བཞིའི་མན་ངག་བློ་འཛིན་ཧུར་ཐག་བྱས། གཞན་ཡུལ་དུ་སློབ་གཉེར་བྱེད་རིང་སྐབས་འགར་འཚོ་བར་དཀའ་ཚེགས་འཕྲད་མོད། འོན་ཀྱང་ཁོང་གིས་ཕྱིར་བཤོལ་སྤངས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་ལ་བརྟེན་ནས་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་དང་ནད་ཐོག་སྨན་བཅོས་ཀྱི་ལག་རྩལ་བྱང་ཆུབ་པར་སྦྱངས་ནས་སླད་ཕྱིན་གྱི་སྨན་བཅོས་ལག་ལེན་ཐད་རྨང་གཞི་བརྟན་པོ་བཏིང་།
ཤེས་བྱ་རིག་པའི་གནས་ལ་ཟད་མཐའ་མེད་ཅིང་སྨན་བཅོས་ལས་རིགས་ནི་མི་སྲོག་ལ་ཐུག་པའི་དོན་ཆེན་ཞིག་ཡིན་པའི་དབང་གིས། 2003ལོ་ནས་2004ལོའི་བར་ཆོས་འཕེལ་གྱིས་སྔ་ཕྱིར་གཞིས་ཀ་རྩེ་སྨན་རྩིས་ཁང་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། གཞིས་རྩེ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་བཅས་སུ་ཟབ་སྦྱོང་ལ་བསྐྱོད་དེ་སྲོལ་རྒྱུན་བོད་ལུགས་གསོ་རིག་གི་སྙིང་བཅུད་དང་དེང་རབས་གསོ་རིག་གི་འདུ་ཤེས་མཉམ་མཐུན་ཟུང་འབྲེལ་གྱི་ཐབས་ཤེས་ལ་སྦྱངས་བརྩོན་ཧུར་ཐག་བྱས། དེ་ལྟར་མི་ལོ་ལྔ་ཙམ་གྱི་གཞུང་ལུགས་ལག་ལེན་དང་བཅས་པའི་མཐོང་ཐོས་དམར་ཁྲིད་ལ་སྦྱོང་བརྡར་ཧུར་ཐག་བྱས་པ་བརྒྱུད། ཁོང་གི་སྨན་བཅོས་ལག་རྩལ་ཉིན་བཞིན་ཡར་རྒྱས་ཕྱིན་ནས་ཡུལ་ཕྱོགས་གཅིག་གི་མང་ཚོགས་ཚོའི་བདེ་ཐང་ལ་སྲུང་སྐྱོང་བྱེད་པར་སྔར་བས་ཡིད་ཆེས་དང་གདེང་ཚོད་ཀྱིས་ཁེངས།
འབྲོག་ཁུལ་ལ་གཞི་ཚུགས་མཁན་སྨན་པ་ཞིག་ཏུ་གྱུར།
“ངས་གསོ་རིག་སྨན་གཞུང་སྦྱངས་པ་ནི་རང་ཉིད་ཀྱི་འཚོ་བར་འགྱུར་ལྡོག་གཏོང་ཆེད་ཙམ་མིན་པར་དམིགས་ཡུལ་ངོ་མ་ནི་ཕ་ཡུལ་གྱི་མི་དམངས་ལ་ནད་བཅོས་སྲོག་སྐྱོབ་ཀྱི་ཞབས་འདེགས་ཞུ་ཆེད་ཡིན”ཞེས་པའི་བབ་ཆགས་པའི་སྐད་ཆ་དེ་ནི་ཁོང་གིས་སྨན་བཅོས་ལག་རྩལ་སྦྱངས་པའི་ཐོག་མའི་བསམ་འདུན་དེ་རེད། 2004ལོར། ཆོས་འཕེལ་གྱི་སྦྱངས་འབྲས་ཚད་ལོན་བྱུང་ཞིང་། ཁོང་དང་མཉམ་དུ་སྨན་གཞུང་སྦྱོང་མཁན་སློབ་གྲོགས་ཁག་གཅིག་ཆ་རྐྱེན་ལེགས་སའི་གྲོང་ཁྱེར་རམ་ཡང་ན་རྫོང་གྲོང་དུ་གདམ་ག་བྱས་ནས་བསྡད་མོད། འོན་ཀྱང་ཁོང་གིས་སེམས་ཐག་གཙང་བཅད་ངང་དཔེ་དེབ་དང་འཚོ་བའི་མཁོ་ཆས་ཀྱི་རྡོག་ཁྲེས་ཁུར་ནས་རང་ཉིད་སྐྱེ་ས་འཚར་སའི་ཕ་ཡུལ་ཏེ། གམ་པ་རྫོང་འགྲིག་ཤང་ཟུར་དཔེ་གྲོང་ཚོར་ལོག
སྐབས་དེའི་འགྲིག་ཤང་གི་འབྲོག་ཁུལ་ཕལ་ཆེ་བའི་ལམ་བུ་ནི་བཤག་བྱེ་ཡིན་ལ། འབྲོག་ར་རྒྱ་ཆེ་ཞིང་རྩྭ་ས་ཁ་ཐོར་ཡིན་པས་འབྲོག་ཁུལ་གྱི་སྨན་བཅོས་ཐད་དཀའ་ངལ་ཆེན་པོ་ཡོད། དུས་དེ་ནས་བཟུང་ཆོས་འཕེལ་ནི་སྨན་སྒམ་རྒྱབ་ཏུ་འཁུར་ཞིང་རྟ་ཕོ་ལྕག་གིས་སྐུལ་བའི་ལེ་དབར་བཅུ་ཕྲག་འགའི་མངའ་ཁོངས་ཀྱི་རྟ་ཐོག་སྨན་པ་གཅིག་པུ་དེ་ལ་གྱུར་པས། དབྱར་དགུན་གྱི་ཚ་གྲང་དང་། ཁ་ཆར་བུ་ཡུག་གི་གནམ་ངན་གང་ཞིག་འཕྲད་རུང་མང་ཚོགས་ལ་སྨན་བཅོས་ཀྱི་དགོས་མཁོ་ཡོད་ཚེ་ཁོང་གིས་དེ་མུར་རྟ་ཕོ་བཞོན་ནས་འགྲོ་རྐྱང་བྱེད། དེ་ལྟར་རང་བྱུང་ཆ་རྐྱེན་ཤིན་ཏུ་ཞན་པའི་ཁོད་ཡངས་འབྲོག་ཁུལ་གྱི་ཡུལ་ཕྱོགས་དེ་རུ་ཉིན་རེར་ལེ་དབར་བཅུ་ཕྲག་སར་འགྲོ་བ་ནི་རྒྱུན་གཏན་དུ་གྱུར་ཏེ། སྨན་བཅོས་ཀྱི་ཞབས་འདེགས་ཤང་དེ་ཡོངས་ལ་ཞུ་བ་མ་ཟད་གཏིང་སྐྱེས་རྫོང་གི་ལུང་ཁུག་འབྲོག་པ་ལའང་སྨན་བཅོས་ཀྱི་ཞབས་འདེགས་ཞུ་གི་ཡོད་པས། ལོ་ངོ་15ཙམ་གྱི་རྟ་ཐོག་སྐོར་སྐྱོད་སྨན་བཅོས་ལ་འགྲོ་རིང་རིམ་རྩིས་བརྒྱབ་ན་ཆོས་འཕེལ་གྱིས་སྨན་དང་སྨན་བཅོས་ཀྱི་ཞབས་འདེགས་ཞུ་ཐེངས་1260ལྷག་ཙམ་ཟིན་ཡོད།
བར་སྐབས་ཤིག་རིང་འབྲོག་ཁུལ་མང་ཚོགས་ཀྱི་འཚོ་བར་དཀའ་ཚེགས་ཆེ་ལ་ཁྱིམ་ཚང་མང་པོར་དངུལ་སྨར་གྱི་སྨན་རིན་སྤྲད་ཆོག་མེད་དུས་འབྲོག་པ་མི་ཉུང་བས་ནད་གཞི་ཕོག་ཚེ་སྡུག་རུས་བཟོད་སྒོམ་བྱས་ནས་སྡོད་ཀྱི་ཡོད། གནས་ཚུལ་དེ་འདྲའི་སྐབས་སུ་ཆོས་འཕེལ་གྱིས“ནད་བཅོས་སྲོག་སྐྱོབ་ཨང་དང་པོ”ཡིན་པའི་རྩ་དོན་གཞིར་བཟུང་ཁྱིམ་ཚང་གི་དབུལ་ཕྱུག་དང་ནད་གཞིའི་བབ་ལ་མ་བལྟོས་པར་ནད་བཅོས་སྲོག་སྐྱོབ་ཁོ་ན་གཙིགས་ཆེར་འཛིན་པ་ལས་སྨན་བཅོས་འགྲོ་གྲོན་ཁ་ཡི་ཟུར་ཙམ་ཡང་མི་གླེང་། འབྲོག་པ་མང་པོས་སྨན་རིན་སྤྲད་ཆོག་མེད་དུས་ཐུགས་རྗེ་དྲིན་ཚོར་སླད་དུ་རང་ཁྱིམ་གྱི་བལ་དང་ལུག་ལྤགས་སོགས་ཚབ་ལ་སྤྲོད་ཀྱི་ཡོད་མོད། འོན་ཀྱང་ཁོང་གིས་སེམས་གཏིང་ནས་མང་ཚོགས་བདེ་མ་ཐང་མ་ཡོང་བའི་རེ་བ་བྱེད་པ་ལས་སྨན་རིན་ཆུང་ཙག་ལ་སྣང་བ་གཏོང་གི་མེད།
དཀའ་ཚེགས་ལོ་ཟླར་ཐེ་ཚོམ་སྐྱེ་ཡང་མཐའ་མར་ཕུགས་འདུན་བརྟན་སྲུང་བྱས།
སྨན་བཅོས་ཀྱི་ལས་ལ་ཐོག་མར་ཞུགས་སྐབས། ཆོས་འཕེལ་ལ་འཕྲད་པའི་དཀའ་གནད་ཆེ་ཤོས་ནི་མ་དངུལ་དཀོན་པ་དེ་རེད། དགེ་རྒན་དྲིན་ཆེན་གྱིས་གསོལ་རས་གནང་བའི་བོད་སྨན་སྒམ་དོ་ཙམ་ཡོད་པ་བེད་སྤྱོད་ཚར་རྗེས། ཁོང་གིས་ཟླ་བ་གསུམ་བཞི་རེའི་མཚམས་སུ་གྲོང་ཁྱེར་ནས་སྒོར་ཁྲི་ལ་ཉེ་བའི་སྨན་རྫས་ཉོ་དགོས་འཁེལ་གྱི་ཡོད། ཡོང་འབབ་གཏན་འཇགས་མེད་ལ་སྨན་གྱི་མ་གནས་ཡོད་རྒུ་རང་ཉིད་ཀྱི་ཕྲག་ཐོག་ལ་བབས་ཏེ་མི་འགྱངས་བར་རང་ཁྱིམ་གྱི་ལག་དངུལ་ཡང་རྫོགས་པས་ཁོང་གིས་ཐ་ན་ཁྱིམ་ཚང་གི་ནོར་ལུག་ཀྱང་བཙོངས་དགོས་བྱུང་། འགྲོ་སོང་ལ་གྲོན་ཆུང་བྱ་ཆེད་ཁོང་གིས་ནམ་དུས་ལ་གཞིགས་ནས་རྒྱུན་དུ་ས་བབ་མཐོ་བའི་རི་ཁར་བསྐྱོད་དེ་སྨན་རྒྱུ་འཐུ་སྒྲུབ་དང་ལས་སྣོན་བྱས། ལ་བརྒྱབ་ཀླུང་བརྒལ་གྱི་དཀའ་སྡུག་མང་པོའི་ཁྲོད་ངོ་གདོང་གངས་འཕྱིད་ཐེབས་པ་དང་ལག་ཟུང་རྨ་ཁས་ཁེངས་པ་ནི་རྒྱུན་མཐོང་ལ་གྱུར།
ལུས་སེམས་ཀྱི་སྡུག་བསྔལ་གྲིབ་གཟུགས་ལྟར་འགྲོགས་ཤིང་། འཚོ་བའི་ཁུར་པོ་ནི་ལག་ཟད་དཔུང་པར་ཐུག་པའི་དུས། ན་སོ་གཞོན་པའི་ཆོས་འཕེལ་གྱི་བསམ་བློར་འགྱུར་ལྡོག་བྱུང་བ་སྟེ། སྐབས་ཤིག་ཁྱིམ་ཚང་རུབ་རུབ་ཀྱི་ཞི་ལྷོད་འཚོ་བ་གདམ་ག་བྱས་ཤིང་། རླངས་འཁོར་ཉོས་ནས་ཕྱི་ཕྱོགས་སུ་ཡོང་འབབ་གསོག་པ་དང་། སྨན་བཅོས་བྱེད་པ་ནི་ཞོར་ལས་ཙམ་དུ་བརྩི་རྒྱུ་ལས་ཐབས་གཞན་མ་རྙེད།
2011ལོར། རང་ཉིད་ལ་སྐུ་དྲིན་ལྷག་པར་ཆེ་བའི་དགེ་རྒན་བྱམས་པ་འཕྲིན་ལས་སྐུ་ཚེ་ཞི་བར་གཤེགས། དོན་འདི་ནི་དབྱར་རྔ་གྲགས་པ་ལྟར་སོམ་ཉིའི་ཁྲོད་ཀྱི་ཆོས་འཕེལ་གཉིད་ལས་སད་དུ་བཅུག དགེ་རྒན་གྱིས་སྐུ་ཚེ་གང་པོར་ཁེ་གྲགས་རྣ་རྒྱབ་ལ་བསྐྱུར་ཏེ་མཁའ་མཉམ་འགྲོ་ཕན་གྱི་མཛད་པ་བསྐྱངས་ཤིང་སྐུ་ཚེའི་མཐའ་མར་ཡང་སྔར་མུས་བཞིན་བོད་ལུགས་གསོ་རིག་སྨན་རིག་གི་བྱ་གཞག་ལ་ཐུགས་ཁུར་གནང་གི་ཡོད། སྐབས་འཕྲལ་གྱི་དཀའ་ཚེགས་དབང་གིས་ཐོག་མའི་བསམ་འདུན་བོར་ལ་ཁད་ན། ཁོ་རང་གནོང་འགྱོད་ཀྱི་འདམ་ལ་བྱིང་། རྒན་ལགས་ཀྱིས་གསོལ་རས་གནང་བའི་སྨན་སྒམ་ལ་ལྟ་བཞིན་སླར་ཡང་ཁོང་གི་ཞལ་ཆེམས་ལ་བསམ་བློ་བཏང་། དེ་ནས་ན་སོ་གཞོན་དུས་ཀྱི་དམ་བཅའ་ལ་ཕྱིར་དྲན་བྱེད་སྐབས། ཁོ་རང་གློ་བུར་གོ་རྟོགས་སད་པས་ཞོར་ལས་བཞག་སྟེ་སྨན་སྒམ་རྒྱབ་ཏུ་འཁུར་བཞིན་སེམས་ནུས་ཡོད་རྒུ་སྔར་བཞིན་ནད་བཅོས་སྲོག་སྐྱོབ་ལ་བཞག ད་ཐེངས་ཁོ་རང་གི་སོམ་ཉི་སངས་ཤིང་གཡོ་འགུལ་མི་གཏོང་བའི་གདེང་ཚོད་རྙེད།
བྱས་པའི་རྗེས་ལས་དྲུས་པའི་ཤུལ་མངོན།
ཐོག་མའི་ཕུགས་འདུན་བསྐྱར་དུ་ཡིད་ལ་བཅངས་ཤིང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་འབྲོག་ཁུལ་མང་ཚོགས་ཀྱི་སྨན་དང་སྨན་པ་བསྟེན་དཀའ་བའི་གནས་ཚུལ་སེམས་ལ་བཟུང་སྟེ། རྒན་རྒོན་ཚོ་གཟུགས་གཞི་གོག་པའི་དབང་གིས་འགུལ་སྐྱོད་མི་བདེ་བ་དང་། ནད་པ་གང་ཞིག་ཡུན་རིང་དཔྱད་བཅོས་བྱེད་དགོས་ཚེ་ཁོང་གིས་མ་བརྗེད་པར་བྱས་ཏེ་ཁྱིམ་ཚང་རེ་རེ་བཞིན་དུ་སྨན་བཅོས་བྱེད་པར་འགྲོ་བ་དང་སྨན་སྐྱེལ་བཞིན་ཡོད། “ང་རང་ནད་ཁྲིའི་སྟེང་དུ་དུས་ཡུན་རིང་པོ་ལུས་ཀྱང་ཨེམ་ཆི་ཆོས་འཕེལ་གྱི་སྙིང་རུས་ཆེན་པོས་སྨན་བཅོས་གནང་བས་ད་ནི་བདེ་མ་ཐང་མར་འཚོ་བ་རང་སྐྱ་འཕེར་གྱི་ཡོད”ཅེས་མཁལ་འགྲམས་ནད་གཞི་ཕོག་པའི་ཡུལ་མི་ནོར་རྒྱས་ཀྱིས་མིག་ལ་དགའ་བའི་མཆི་མ་འཁོར་བཞིན་བརྗོད། དེ་ལྟ་བུའི་དཔེ་མཚོན་ནི་བརྗོད་ཀྱིས་མི་ལང་།
ཆོས་འཕེལ་གྱིས་དུས་ཡུན་རིང་པོར་མཐའ་མཚམས་ཀྱི་འབྲོག་པ་མང་ཚོགས་ཚོའི་བདེ་ཐང་ལ་འགན་ལེན་བྱ་ཆེད་བྱས་རྗེས་ཕོན་ཆེར་བཞག་པའི་དབང་གིས། 2015ལོར་འགྲིག་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཐུགས་འཁུར་རྒྱབ་སྐྱོར་འོག་ཁོ་རང་དངོས་སུ་གྲོང་ཚོའི་བོད་ལུགས་སྨན་པ་ཡི་ལས་གནས་གཏན་འཁེལ་བྱས་པ་དང་སྨན་གྱི་དགོས་མཁོ་ཚང་མ་སྲིད་གཞུང་གིས་འགན་ལེན་བྱས་པའི་རྨང་གཞིའི་ཐོག་ཟླ་རེར་གླ་ཕོགས་ཀྱང་ལེན་རྒྱུ་བྱུང་བས་དཔལ་འབྱོར་གྱི་དཀའ་ངལ་དང་སེམས་ཁྲལ་ཡོངས་སུ་བསལ་ཡོད།
འབྲེལ་ཡོད་གསར་འགྱུར།