ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་རྡི་ལི་གསར་པར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པར་ཞུགས་རིང་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ།
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་རྡི་ལི་གསར་པར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པར་ཞུགས་རིང་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་ཞིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ལྷག་བསམ་ཟོལ་མེད་ངང་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་། ཀྲུང་གོ་དང་རྒྱ་གར་རོགས་ཟླ་བྱེད་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ལ་ཕྱོགས་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་གི་ཡོད། ཉེ་བའི་ལོ་གཉིས་རིང་། ང་དང་ཙུང་ལི་མོ་ཏི་དབར་ཞལ་འཛོམས་ཐེངས་གཉིས་བྱས་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ“སླར་ཡང་འགོ་འཛུགས་པ”ནས“སླར་ཡང་ཟབ་ཏུ་གཏོང་བར”སྣེ་ཁྲིད་བྱས་ཡོད། རྒྱལ་ཁབ་གཉིས་པོའི་ཡུན་རིང་རང་བཞིན་གྱི་འགྲོ་འོང་རིམ་བཞིན་སླར་གསོ་བྱུང་བ་དང་། མཉམ་ལས་ཀྱི་གསལ་ཐོ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་ཕྱོགས་གཉིས་པོའི་ཚོང་དོན་བསྡོམས་འབོར་ཐད་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད། འདི་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས་གཅེས་སྤྲས་བྱེད་དགོས། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་རྒྱལ་བབ་མི་འདྲ་བས་སྐྱོན་སྤངས་དགེ་སྒྲུབ་དང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་གྲུབ་འབྲས་གཏོད་པ། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བཅས་རྦད་དེ་བྱེད་ཆོག འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཡིན་པའི་ཀྲུང་གོ་དང་རྒྱ་གར་གྱིས་འགན་འཁྲི་གལ་ཆེན་ཁུར་ཡོད། ཕྱོགས་གཉིས་པོས་མིའི་རིགས་ཀྱི་མདུན་ལམ་དང་མི་དམངས་ཀྱི་བདེ་རྩ་སེམས་ནང་བཅངས་ཐོག་ལག་གདང་སྦྲེལ་ནས“འབོ་གསེར་མཉམ་ལས་ཆེན་པོའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་དྲང་ནུས་དེ་བས་མང་བ་མཁོ་འདོན་བྱེད་དགོས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི་ཐད་གཟིགས་ཚུལ་ཁག་བཞི་བཏོན་གནང་བ་སྟེ། གཅིག་ནི་ལུགས་མཐུན་རྗེས་དཔག་གི་འཐབ་ཇུས་ངོས་འཛིན་ལ་བརྟེན་ནས་ཁ་ཕྱོགས་བསྲངས་དགོས། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོ་ནི་མཉམ་ལས་ཀྱི་རོགས་ཟླ་ཡིན་པ་ལས་ཁ་གཏད་མིན་པ་དང་། ཕན་ཚུན་དབར་འཕེལ་རྒྱས་ཀྱི་གོ་སྐབས་མཁོ་འདོན་བྱེད་དགོས་པ་ལས་འཇིགས་སྣང་སྐུལ་མི་རུང་། འདི་ནི་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་དུས་མཚམས་དང་རྒྱལ་སྤྱིའི་ཁོར་ཡུག་ལ་གཞིགས་ནས་འཐབ་ཇུས་ཀྱི་བརྡར་ཤ་བཅད་པ་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། གཉིས་ནི་མཉམ་ལས་གཉིས་ཕན་གྱི་འདུ་ཤེས་ལ་བརྟེན་ནས་ཕན་ཚུན་དབར་གྲུབ་འབྲས་ཐོབ་པར་བྱེད་དགོས། ཕྱོགས་གཉིས་པོས་སྤྱིའི་བགོད་གྲངས་ཆེ་ཤོས་ཡིན་པའི་འཕེལ་རྒྱས་ལ་དམིགས་ནས་མཛའ་གྲོགས་འགྲོ་འོང་དང་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། མི་ཆོས་རིག་གནས་དང་གནམ་གྲུ་དང་གྲུ་གཟིངས་ཤར་གཏོང་སོགས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་ལེགས་སུ་ནུས་ལྡན་གཏོང་དགོས། ཕན་ཚུན་དབར་གྱི་དཔལ་འབྱོར་ཚོང་དོན་གྱི་དོ་ཁུར་གནད་དོན་ཐག་གཅོད་སྙོམས་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། གསུམ་ནི་ཕན་ཚུན་བརྩི་འཇོག་དང་བསམ་ཤེས་བྱེད་པའི་ཆབ་སྲིད་ཀྱི་བློ་གྲོས་ལ་བརྟེན་ནས་འགལ་རྐྱེན་སེལ་དགོས། ཕྱོགས་གཉིས་པོའི་འབྲེལ་བ་དང་མཐའ་མཚམས་ཀྱི་གནད་དོན་གཉིས་ཀར་ཕན་ཚུན་སྐུལ་འདེད་གཏོང་བར་གཞོལ་ནས་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། བཞི་ནི་སྒོ་དབྱེ་བསྟུན་མཁས་ཀྱི་ཕྱོགས་མང་མཉམ་ལས་ལ་བརྟེན་ནས་དམངས་ལ་ཕན་བདེ་སྐྲུན་དགོས། ཕྱོགས་གཉིས་པོས་འབོ་གསེར་གྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཀྱི་ཕྱོགས་མང་སྒྲོམ་གཞིའི་ནང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱར་བ་གྲུ་འདེགས་ཀྱིས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་དར་ཆ་གསལ་སྟོན་གྱིས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོབ་བྱེད་དགོས།
མོ་ཏི་ཡིས་གསུངས་དོན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་གྲུབ་འབྲས་ཆེན་པོ་ལྡན་པའི་མཇལ་འཛོམས་ཐེངས་མང་བྱས་ཏེ། རྒྱ་གར་དང་ཀྲུང་གོའི་འབྲེལ་བ་དགེ་མཚན་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས་པ་དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་དུང་ཕྱུར་28ལྷག་ཙམ་གྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། རྒྱ་གར་དང་ཀྲུང་གོའི་ཤེས་དཔལ་ཆེན་པོ་གཉིས་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་ཡོད། རྒྱ་གར་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ནས་རྒྱ་གར་དང་ཀྲུང་གོའི་འབྲེལ་བར་ལྟ་སྟངས་འཛིན་གྱི་ཡོད། ཀྲུང་གོ་དང་རོགས་ཟླ་བྱེད་པ་ལས་ཁ་གཏད་དུ་ལངས་འདོད་མེད་ལ། ཕན་ཚུན་འཕེལ་རྒྱས་གཏོང་རྒྱུ་དེ་གོ་སྐབས་ཤིག་ཏུ་བརྩི་བ་ལས་འགྲན་རྩོད་ལ་བརྩི་གི་མེད། རྒྱ་གར་ཕྱོགས་ཀྱིས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཕྱོགས་གསུམ་པའི་ཤུགས་རྐྱེན་མི་ཐེབས་པར་བྱེད་ཀྱི་ཡོད། ཐའེ་དབན་དང་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་རྒྱ་གར་ཕྱོགས་ཀྱི་སྲིད་ཇུས་དང་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་ལ། རྒྱ་གར་དུ་ཕྱོགས་གཏོགས་གང་རུང་གིས་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་སྤེལ་ཆོག་གི་མེད། རྒྱ་གར་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་ཀྲུང་གོ་ཕྱོགས་དང་མཐོ་རིམ་དབར་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་ལྷིང་འཇགས་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ལ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་གཉེར་བར་རྒྱབ་སྐྱོར་བྱས་པར་རྒྱ་གར་ཕྱོགས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ། སང་ལོར་ཀྲུང་གོས་འབོ་གསེར་གྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་ཡང་ཞུ་གི་ཡིན། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་བཏང་ནས། ཡོ་ལང་ཆེ་བའི་འཛམ་གླིང་ཁྲོད་ཀྱི་བརྟན་ལྷིང་ཡར་ཐོན་གྱི་སྟོབས་ཤུགས་ཤིག་བྱེད་འདོད་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།