ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་དུས་མཚམས་དང་པོའི་ཚོགས་འདུར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྡི་ལི་གསར་པར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་དུས་མཚམས་དང་པོའི་ཚོགས་འདུར་ཞུགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།

ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྡི་ལི་གསར་པར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་དུས་མཚམས་དང་པོའི་ཚོགས་འདུར་ཞུགས་ཤིང་། འདི་ནི་ཚོགས་འདུ་འཚོག་རིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།
ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྡི་ལི་གསར་པར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་དུས་མཚམས་དང་པོའི་ཚོགས་འདུར་ཞུགས་པ་རེད།
ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལཱ་པོ་ཝོ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པིའི་རྒྱལ་རྒྱུད་འཛིན་མཁན་ཧ་ལི་ཏེ། པར་ཙིར་གྱི་ཕྱི་འབྲེལ་པུའུ་ཀྲང་སོགས་ཚོགས་འདུར་ཞུགས་པ་དང་། རྒྱ་གར་གྱི་ཙུང་ལི་མོ་ཏི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཞི་ཅིན་ཕིང་གིས《དུས་རབས་ཀྱི་འགན་འཁྲི་མཉམ་དུ་ཁུར། སྟོབས་ཤུགས་ཅན་གྱི་གདོང་ལེན་པ་བྱེད》ཅེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་འབོ་གསེར་རྒྱལ་ཁབ་དབར་མཉམ་ལས་བྱས་ནས་ལོ་ངོ་20འཁོར་བའི་ལོ་ཞིག་རེད། ལོ་20ཡི་རིང་། འབོ་གསེར་མཉམ་ལས་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་མངོན་ཏེ། དེང་སྐབས་འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ལས་སྟེགས་སུ་གྱུར་ཡོད། དེ་ནི་རང་ཚུགས་རང་དར་གྱི་ལོ་20ཡིན་ཞིང་། འབོ་གསེར་རྒྱལ་ཁབ་ཀྱིས་རང་ངོས་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་འབད་འཐབ་ཀྱི་མིག་དཔེར་གྱུར་ཡོད། དེ་ནི་སྐྱིད་སྡུག་མཉམ་མྱོང་གི་ལོ་20ཡིན་ཞིང་། འབོ་གསེར་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་དང་། ཏོག་གསར་རིམས་ནད། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་འགྲན་སློང་ལ་ཁ་གཏད་བཅག་སྟེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་མཁོ་འདོན་བྱས་ཡོད། དེ་ནི་གཡུར་ཟའི་གྲུབ་འབྲས་ཐོབ་པའི་ལོ་20ཡིན་ཞིང་། འབོ་གསེར་རྒྱལ་ཁབ་ཏུ་ལོ་རྒྱུས་རང་བཞིན་གྱི་ཁོངས་མི་མང་དུ་གཏོང་ཐུབ་ནས་ཕྱོགས་ཡོངས་དང་རིམ་པ་མང་བའི་མཉམ་ལས་ཀྱི་སྒྲོམ་གཞི་བཙུགས་ཏེ“འབོ་གསེར་མཉམ་ལས་ཆེན་པོའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་གང་མགྱོགས་འབྱུང་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མངོན་གསལ་དོད་པོས་སྟོབས་ཆེར་འགྲོ་བ། འཛམ་གླིང་སྣེ་མང་ཅན་འགོག་ཐབས་བྲལ་ཡོད། དེ་དང་ཆབས་ཅིག་ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་ཆབ་སྲིད་ཀྱི་ལྡོག་རྒྱུན་འཕྱོ་བཞིན་ཡོད་པ་དང་། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་རྡབ་རྡེག་ཕོག་ནས་ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་འཕར་ཡོད་པ་ལས་ཆག་མེད། འབོ་གསེར་རྒྱལ་ཁབ་ཀྱིས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས་དུས་རབས་ཀྱི་གདོང་ལེན་པ་བྱེད་ཕོད་པ་དང་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།
གཅིག་ནས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གདོང་ལེན་བྱེད་དགོས། རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ་དང་། མི་ཐབས་རིག་ནུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཚབ་རྟགས་ཨ་མའི་སྒོ་འབྱེད་དང་མཉམ་ལས་མཉམ་སྤྱོད་ལ་ལྕག་སྐུལ་བྱེད་པ། དངོས་སྒྲུབ་མཉམ་ལས་གསར་པ་དང་མཐོ་སར་འཛེགས་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འབོ་གསེར་རྒྱལ་ཁབ་ཁག་འཛམ་གླིང་གི་མི་ཐབས་རིག་ནུས་ཀྱི་མཉམ་ལས་རྩ་འཛུགས་ནང་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་ལ་བརྟེན་ནས་བཟོ་ལས་ཅན་གསར་པར་མཐུན་རྐྱེན་སྦྱོར་བའི་གྲོས་འགོ་བཏོན་ནས་ཕྱོགས་ཁག་དང་མཉམ་དུ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ཀྱི་གྲུབ་འབྲས་དེ་བས་མང་བ་བཏོད་དེ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད།
གཉིས་ནས་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གདོང་ལེན་བྱེད་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་འཇམ་འཐབ་ཀྱི་བསམ་བློ་དང་དཔུང་ཤོག་གི་འགྲན་རྒོལ་ལ་ངོ་རྒོལ་དང་། རྒྱལ་ཁབ་གཞན་གྱི་བདག་དབང་ལ་བཙན་གནོད་དང་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱས་ནས། དགེ་མཚན་ལྡན་པའི་ངང་གླེང་མང་བའི་གནད་དོན་ཐག་གཅོད་ནང་ཞུགས་ཏེ་རྩ་ལག་མཉམ་བཅོས་ཀྱི་ཐབས་ལམ་འཚོལ་ཆེད་འབོ་གསེར་གྱི་དམིགས་བསལ་ལེགས་སྐྱེས་འབུལ་དགོས། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་མི་དང་མཉམ་དུ་དབུས་ཤར་མཚོ་ཁུག་ས་ཁུལ་དུས་བདེ་ལྷིང་འཇགས་ཡོང་བར་ནུས་ཤུགས་འདོན་འདོད་ཡོད།
གསུམ་ནས་ཤེས་དཔལ་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བའི་གདོང་ལེན་བྱེད་དགོས། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་ནས། ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པ་དང་མཐུན་འགྲོགས་མཉམ་གནས་དར་སྤེལ་གཏོང་དགོས། འབོ་གསེར་རྒྱལ་ཁབ་ཀྱི་མི་ཆོས་རིག་གནས་ཀྱི་གླེང་སྟེགས་ཡག་པོ་གཉེར་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་དྲང་ནུས་གཅིག་ཏུ་བསྒྲིལ་དགོས། རིག་གནས་དང་། ཡུལ་སྐོར། སློབ་གསོ་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། གཞོན་ནུའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། དམངས་ཚོགས་རྒྱུན་དུ་འགྲོ་འོང་དང་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།
བཞི་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་གདོང་ལེན་བྱེད་དགོས། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་གྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱས་ནས་རྣམ་པ་གང་རུང་གི་སྲུང་སྐྱོབ་རིང་ལུགས་ཀྱི་བྱེད་ཐབས་བཀག་འགོག་བྱེད་དགོས། དྲ་རྒྱ་དང་། བར་སྣང་། མཚོ་གཏིང་སོགས་ཁྱབ་ཁོངས་གསར་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་ཉི་ཤུའི་རིང་གི་དཀའ་སྡུག་མཉམ་མྱོང་དང་མཐུན་སྒྲིལ་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་འབོ་གསེར་བྱ་གཞག་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་རེད། ཕན་ཚུན་དབར་ཟོལ་མེད་ཀྱི་ལྟ་སྟངས་འཛིན་པ་དང་དེ་བཞིན་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་མཐའ་འཁྱོངས་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་དོ་ཁུར་ལ་བརྩི་འཇོག་དང་། འབྲེལ་གཏུག་དང་སྐད་ཆ་ཤོད་རེས་བྱས་ནས་ཕན་ཚུན་བསམ་ཤེས་བྱེད་ཚད་ཆེ་རུ་གཏོང་བ་དང་འགལ་བ་དང་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱས་ཏེ་འབོ་གསེར་གྱི་མཉམ་ལས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། ཀྲུང་གོས་སང་ལོར་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་འགན་ཁུར་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་དགུ་པ་གཙོ་གཉེར་བྱ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་འབྱུང་འགྱུར་གསར་འབྱེད་བྱས་ཏེ། འབོ་གསེར་མཉམ་ལས་ཀྱི“རྫོགས་ལྡན་ལོ་བཅུ”གསུམ་པ་བཏོད་དེ་དར་རྒྱས་ཡར་ཐོན་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་མཉམ་དུ་གཏོད་འདོད་ཡོད།
ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་འབོ་གསེར་མཉམ་ལས་དང་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་ཟབ་མོ་གནང་བ་རེད།
ཕྱོགས་ཁག་གིས་འབོ་གསེར་བཙུགས་ནས་ལོ་20སོང་རིང་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་ཚོས། འབོ་གསེར་གྱི་ལམ་སྲོལ་ལ་འཐུས་ཚབ་རང་བཞིན་རྒྱ་ཁྱབ་ལྡན་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ས་འབྲེལ་གྱི་གདོང་ཐུག་ཛ་དྲག་ཏུ་འགྲོ་བ་དང་ཕྱོགས་རྐྱང་རིང་ལུགས་མགོ་འདེགས་པའི་མདུན་དུ། འབོ་གསེར་རྒྱལ་ཁབ་ལ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཆེད་དུ་སྐད་ཆ་ཤོད་པ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་ནུས་པར་རྒྱབ་སྐྱོར། རྒྱལ་ཁབ་ཁག་གི་བདག་དབང་གི་འདྲ་མཉམ་སྲུང་སྐྱོང་། རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ། རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བཅས་བྱས་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པའི་འགན་འཁྲི་ཡོད། ཕྱོགས་ཁག་གིས་འབོ་གསེར་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་གྱི་མཉེན་ཆ་ཆེ་རུ་གཏོང་བ། དེ་བས་འདྲ་མཉམ་བསྟུན་མཁས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བདེ་འཇགས་དང་དར་རྒྱས་ཀྱི་སྣེ་མང་ཅན་གྱི་འཛམ་གླིང་ཞིག་བསྐྲུན་དགོས། ཀྲུང་གོས་འབོ་གསེར་ལམ་སྲོལ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཕྱོགས་ཁག་གིས་བསྔགས་བརྗོད་བྱེད་པ་དང་། སང་ལོའི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་དགུ་པ་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཏེ། འབོ་གསེར་གྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་མཉམ་དུ་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག《འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་རྡི་ལི་གསར་པའི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་རིང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་འབོ་གསེར་བཙུགས་ནས་ལོ་ངོ་20ཡི་རིང་གི་པར་རིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་། མཉམ་དུ་ལྗོན་ཤིང་བཙུགས་ནས་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།