བོད་ལྗོངས་ཉིང་ཁྲིའི་སེའུ་དམར་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ།
ས་བབ་སྨི་2860ཡོད་པའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀརྨ་ཞིང་ལས་སེའུ་དམར་ལྡུམ་རའི་ནང་སེའུ་དམར་སྡོང་པོས་ཁེངས་ཡོད།
ལོ་ཤས་གོང་དུ་ས་མཐོར་སེའུ་དམར་འདེབས་པ་ནི་སྒྲུབ་མི་ཐུབ་པའི་བྱ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ས་བབ་མཐོ་བ་དང་། དྲོད་ཁྱད་ཆེ་བ། གནམ་གཤིས་དམིགས་བསལ་ཆེ་བ། འདེབས་འཛུགས་ལག་རྩལ་མེད་པ་སོགས་ཀྱི་དཀའ་གནད་སྣ་ཚོགས་འཕྲད་ཡོད། 2022ལོར་སེའུ་དམར་ལྡུམ་རའི་ཐོན་འབོར་ལ་རྒྱ་མ་2000ལས་ཟིན་གྱི་མེད་ཅིང་། ཐོན་འབོར་ཉུང་བ་དང་ཚོང་ལམ་ཡག་པོ་མེད་སྟབས་ས་མཐོའི་སེའུ་དམར་དེ་ལུང་ཁུག་ནང་གི་ཤིང་ཏོག་ཙམ་རེད།
ལོ་4ཡི་རིང་སེའུ་དམར་འདེབས་འཛུགས་ལས་ལ་བརྩོན་པ་ལྷོད་མེད་བྱས་པ་བརྒྱུད་རིམ་བཞིན་འགྱུར་ལྡོག་བྱུང་བ་སྟེ། 2026ལོར་ས་མཐོའི་ཤིང་འབྲས་ར་བའི་སེའུ་དམར་གྱི་ཐོན་ཚད་རྒྱ་མ་ཁྲི་3ལས་བརྒལ་བ་དང་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་84ཟིན་ནས་ཐོན་ཚད་ལྡབ་14འཕར་ཡོད། དེ་སྔ་མངོན་གསལ་དེ་ཙམ་མེད་པའི་ས་མཐོའི་ཤིང་འབྲས་སོས་པ་དེ་ད་ཆ་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ཡོད།
དྲོད་ཁང་ནང་བྱུང་བའི་འགྱུར་ལྡོག་ནི་ཐོན་འབབ་ལེགས་པོ་ཡོང་བའི་འགག་རྩ་རེད། དེ་གོང་དྲོད་ཁང་རྙིང་པར་དྲོད་ཚད་སྙོམས་པོ་མེད་པས་སྡོང་རྐང་གི་ཡལ་མཐར་མ་གཏོགས་འབྲས་བུ་མི་འདོགས་པའི་གནས་ཚུལ་རྟག་ཏུ་ཐོན་སྟབས། གླིང་ཁུལ་གྱིས་མ་དངུལ་སྒོར་ཁྲི་276བཏང་ནས་ཡུག་འབྲེལ་དྲོད་ཁང་དེ་དྲོད་ཁང་ཁེར་རྐྱང་དུ་སྒྱུར་བཀོད་བྱས་ནས་གནད་ལ་འཁེལ་པོས་དྲོད་ཚད་སྙོམས་པ་དང་། རླུང་འགྲོ་ཐུབ་པ་དང་སེར་བ་འགོག་པ། འབུ་འགོག་འབྲས་སྲུང་བཅས་བྱས་ཤིང་། གཡོག་བྱེད་ཞིབ་ཚགས་བྱས་པའི་འོག་སེའུ་དམར་མུའུ་རེའི་ཐོན་ཚད་རྒྱ་མ་300ནས་600བར་འཕར་ནས་ཐོན་འབབ་བརྟན་པོ་ཡོང་བར་རྨང་གཞི་འདིང་ཐུབ་ཡོད།
ལྗོངས་ཕྱིའི་སེའུ་དམར་ཁྲོམ་རར་འདོན་མཚམས་འཇོག་པའི་དུས་སུ་ཉིང་ཁྲིའི་ས་མཐོའི་སེའུ་དམར་ཏག་ཏག་ཁྲོམ་རར་བཏོན་པ་ལས་ཐུན་མོང་མ་ཡིན་པའི་ས་མཐོའི་ཁྱད་ཆོས་དེ་ཁྲོམ་རའི་ལེགས་ཆར་གྱུར་ཡོད།
སེའུ་དམར་གྱི་ཚོང་ལམ་རྒྱ་སྐྱེད་གཏོང་ཆེད། ཀརྨ་ཞིང་ལས་ཀྱིས་ཀྲུའུ་ཧའེ་ཞིང་ལས་མ་འཇོག་མ་རྐང་ཚོད་འཛིན་ཀུང་སི་དང་མཉམ་དུ་ཚོད་ལྟ་ཡང་ཡང་བྱས་ནས་ཆེད་དམིགས་གསོག་འདྲེན་ཇུས་གཞི་ཆ་ཚང་ཞིག་བཏིང་བ་སྟེ། སྟོང་སངས་སོས་ཉར་དང་། དྲོད་ཚད་དམའ་བའི་སྔོན་གྲབས་གྲང་བཟོ། བརྒྱུད་རིམ་ཧྲིལ་པོའི་གྲང་ཕྲེང་སྲུང་སྐྱེལ་བཅས་རེད། ཡལ་ག་ནས་སེའུ་དམར་འཐོག་པ་ནས་བཟུང་བརྒྱུད་རིམ་ཧྲིལ་པོར་དྲོད་ཚད་དམའ་པོས་སོས་ཉར་དང་སྐྱོན་མེད་སྐྱེལ་འདྲེན་བྱས་པས་སེའུ་དམར་རུལ་སླ་བའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད།
ད་ཆ་གངས་ལྗོངས་ས་མཐོའི་ལྷད་མེད་སེའུ་དམར་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་འཛད་སྤྱོད་པར་བཟའ་རྒྱུ་བྱུང་ཡོད།
ལོར་ཐོན་འབབ་རྒྱ་མ་2000ཡང་མ་ཟིན་པའི་ཚོད་འདེབས་ཉུང་ཤས་བྱས་པ་ནས་ད་ཆ་རྒྱ་མ་ཁྲི་3ཟིན་པའི་བར་གཞི་ཁྱོན་ཅན་གྱི་ཐོན་ལེགས་བྱུང་ཡོད། སྔོན་མ་ཐོས་མྱོང་མེད་པ་ནས་ཁྲོམ་རར་ཁྱབ་གདལ་བྱུང་བའི་བར་གྱི་ཉིང་ཁྲིའི་སེའུ་དམར་ལ་ཐོན་འབ་ལེགས་པོ་བྱུང་བའི་ལོ་བཞི་ནི་ས་མཐོའི་ཁྱད་ལྡན་ཞིང་ལས་དར་རྒྱས་བརྟན་པོ་བྱུང་བའི་དཔང་རྟགས་ཡག་ཤོས་ཤིག་རེད།
འབྲེལ་ཡོད་གསར་འགྱུར།